ང་ཚོས་རང་ཉིད་གང་ཟག་གཞན་དག་ལས་དམན་པར་བལྟ་དགོས། དེ་ཡང་། འབུ་སྲིན་ཕྲ་མོ་རྣམས་ནི་ནུས་མེད་ཉམ་ཆུང་ཞིག་ཡིན་ན་ཡང་། དེ་དག་གིས་འགྲོ་བ་གཞན་དག་ལ་གནོད་འཚེ་མི་བྱེད་ཅིང་། དེ་དག་གིས་འགྲོ་བ་གཞན་དག་གི་ཞི་བདེ་ལ་བར་ཆད་མི་བྱེད། ང་ཚོས་རང་ཉིད་ལ་འགྲོ་བ་མི་ཡིན་ཟེར་ནས་ཤིན་ཏུ་རྣམ་དཔྱོད་ཅན་ཞིག་ཏུ་རློམ་ཡང་། ང་ཚོས་རང་གི་རྣམ་དཔྱོད་དེ་ཇི་ལྟར་བཀོལ་སྤྱོད་བྱེད་ཀྱི་འདུག་གམ། ང་ཚོས་གཞན་ལ་མགོ་སྐོར་གཏོང་བ་དང་ཐུབ་ཚོད་གཏོང་བའི་གོ་སྐབས་ཡོད་ཚད་ལེན་གྱི་ཡོད།
ང་ཚོས་རང་ཉིད་གང་ཟག་གཞན་དག་དང་བསྡུར་སྐབས། ངེས་པར་དུ་གཞན་གྱི་བཟང་ཕྱོགས་ཀྱི་ཡོན་ཏན་ལ་རྗེས་སུ་ཡི་རང་བྱེད་པའི་འབད་བརྩོན་བྱེད་དགོས་ལ། རང་གིས་རང་ཉིད་ལ་ལྟ་སྐབས། རང་ཉིད་ཀྱི་སྐྱོན་ངོས་བཟུང་ནས་དེ་དག་སྤོང་ཐབས་ལ་འབད་དགོས།
འགྲོ་བ་མིའི་བསམ་བློ་ནི་ཕྱོགས་མང་པོ་ཞིག་ནས་སྒྱུར་རུང་གི་རང་བཞིན་ཅན་ཡིན་ལ། དེ་ནི་སྐབས་བབ་ཀྱི་དགོས་མཁོ་གང་ཡོད་དང་བསྟུན་ནས་དགེ་བ་དང་། ཡང་ན། མི་དགེ་བའི་འདུ་ཤེས་འཛིན་སྟངས་གང་ལའང་སྒྱུར་ཐུབ། ཕྱོགས་གཅིག་ནས་ཉོན་མོངས་འཕེལ་བའི་ཉེན་ཁ་ནམ་བྱུང་ན། ང་ཚོས་རང་ཉིད་ནི། ཐ་ན། ཆེས་ཆུང་བའི་འབུ་སྲིན་དག་ལས་ཀྱང་དམན་པར་མཐོང་བའི་འབད་བརྩོན་བྱེད་དགོས། འོན་ཀྱང་། ཕྱོགས་གཞན་ཞིག་ནས་བཤད་ན། གཞན་དོན་ལྟ་བུའི་བྱ་བ་ཆེན་པོ་སྒྲུབ་སྐབས། ང་ཚོའི་སེམས་ཤུགས་ཆག་མི་རུང་ལ། སྐབས་འདི་ནི་ང་ཚོས་ནང་སེམས་ཀྱི་ཆོད་སེམས་དང་བློ་སྟོབས་བསྐྱེད་དགོས་པའི་དུས་ཚོད་ཡིན། གོམ་པ་མདུན་དུ་སྤོས་ནས་མཐའ་མེད་པའི་འགྲོ་བ་སེམས་ཅན་གྱི་དོན་བདག་གཅིག་པུས་ཁུར་དུ་འཁྱེར་བར་བྱའོ། །་སྙམ་དགོས། བྱང་ཆུབ་ཀྱི་སེམས་བསྐྱེད་པའི་སྐབས་སུ་ཅི་ཞིག་བྱེད་པའི་བྱ་བ་དེ་འདི་རེད།
(འཚོ་བའི་ཁྲོད་ཀྱི་དགའ་སྤྲོ་དང་། འཆི་བའི་སྐབས་ཀྱི་ཞི་བདེ་ཞེས་པ་ལས་བཏུས།)