དུས་རབས་འདིའི་ནང་གི་འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པའི་སྐབས་སུ་མི་མང་པོ་བསད་པ་རེད། ན་ཛི་(Nazi) ཡིས་ཇེའུ་མི་རིགས་ལ་སྲོག་ཁྲིམས་བཅད་པའི་གྲངས་འབོར་གཏོས་ཆེ་ལ། སི་ཏ་ལིན་གྱིས་མི་ས་ཡ་མང་པོ་རྩ་མེད་བཟོས་ཡོད། དེ་བཞིན་དུ་མའོ་ཙེ་ཏུང་གི་སྲིད་གཞུང་གི་འོག་ནས་ཀྱང་མི་ས་ཡ་མང་པོ་ཤི་བ་རེད། འདི་དག་ཐམས་ཅད་ནི། འདི་དག་ལ་བཀོད་འདོམས་བྱེད་མཁན་གྱི་མི་ཚོའི་སེམས་ནང་དུ་ཡོད་པའི་ཉོན་མོངས་པ་ལ་བརྟེན་ནས་བྱུང་བ་རེད། གཉེན་པོ་བསྟེན་ནས་ཉོན་མོངས་པ་ལ་བརྟག་དཔྱད་ཇི་ལྟར་གཏོང་དགོས་མིན་ལ་རྨོངས་པའི་སྐབས་སུ། ཉོན་མོངས་པ་རྣམས་རང་དབང་གིས་སྐྱེ་ཞིང་། དེ་ལ་བརྟེན་ནས་གཏོར་བཤིག་ཚབས་ཆེན་འབྱུང་གི་ཡོད། དེའི་ཕྱིར། ཉོན་མོངས་པའི་བློ་གཅིག་གིས་འཛམ་གླིང་གི་མི་ཡོངས་རྫོགས་འཇོམས་ཐུབ་པར་བཤད་པ་ནི་ཤིན་ཏུ་བདེན་པ་རེད། ང་ཚོས་མྱོང་བའི་སྡུག་བསྔལ་དང་། དཀའ་ངལ། མི་བདེ་བ་ཐམས་ཅད་ཉོན་མོངས་པ་ལ་བརྟེན་ནས་བྱུང་བ་རེད།
ཕུལ་དུ་བྱུང་བའི་ཡོན་ཏན་དང་བདེ་སྐྱིད་ཐམས་ཅད་གཞན་ལ་ཕན་པ་སྒྲུབ་འདོད་ཀྱི་འདུན་པ་ལས་འབྱུང་ལ། ཆོས་དང་འཇིག་རྟེན་གྱི་གྲུབ་འབྲས་གང་ཡིན་ཀྱང་ཆོག །བཟང་པོའི་ཡོན་ཏན་ཐམས་ཅད་ནི། གཞན་ལ་ཕན་པ་སྒྲུབ་འདོད་ཀྱི་བསམ་བློ་ལ་བརྟེན་ནས་འབྱུང་། ང་ཚོས་ཆོས་ལུགས་ཀྱི་ཉམས་ལེན་བྱེ་བྲག་པ་ཞིག་ངོས་ལེན་བྱས་ཀྱང་རུང་མ་བྱས་ཀྱང་རུང་། ཚང་མས་སེམས་བཟང་པོ་བྱེད་པར་འབད་བརྩོན་བྱེད་དགོས་ལ། དེ་ལ་གྲུབ་འབྲས་ཐོན་ཚེ། བདེ་སྐྱིད་དང་ཞི་བདེ་འབྱུང་རྒྱུ་རེད། མི་ཞིག་གིས་འཛུམ་མདངས་བསྟན་ནས་འཚམས་འདྲི་བྱེད་སྐབས་ང་ཚོ་ལ་ཚོར་སྣང་ལེགས་པོ་ཞིག་འབྱུང་བ་དང་། མི་ཞིག་གིས་ཁྲོ་གཉེར་བསྟན་ནས་ངར་སྐད་སྒྲོག་དུས། ཚོར་སྣང་ངན་པ་ཞིག་མི་སྟེར་རམ། ང་ཚོ་ནི་སྤྱི་ཚོགས་རང་བཞིན་གྱི་སེམས་ཅན་ཡིན་ཞིང། ང་ཚོ་འཚོ་སྡོད་བྱ་སའི་སྤྱི་ཚོགས་ཀྱི་ཁྲོད་ནས་ང་ཚོའི་མ་རྩ་ནི་ཕན་ཚུན་གྱི་བློ་གཏད་དང་མཉམ་ལས་རེད། མཉམ་ལས་དེ་ཕན་ཚུན་ལ་བརྩེ་སེམས་ཀྱི་འདུ་ཤེས་འཛིན་སྟངས་ཤིག་རྨང་གཞིར་བྱས་ནས་གྲུབ་ཡོད། གལ་ཏེ་ང་ཚོར་འདུ་ཤེས་དེ་ཡོད་ཚེ། རང་གི་ཁྱིམ་ཚང་དང་། ཁྱིམ་མཚེས། སྤྱི་ཚོགས་བཅས་ལ་བདེ་སྐྱིད་དང་ཞི་བདེ་རྒྱ་ཆེན་པོ་ཞིག་འབྱུང་རྒྱུ་རེད། འོན་ཀྱང་། ང་ཚོས་རྟག་པར་ཕན་ཚུན་ལ་ངན་ཇུས་གཤོམ་པ་དང་ཞེ་འཁོན་འཆང་བཞིན་ཡོད་ཚེ། ཕྱི་དངོས་པོའི་མཐུན་རྐྱེན་འབེལ་པོ་ཡོད་སྲིད་ཀྱང་བདེ་སྐྱིད་དང་ཞི་བདེ་མི་འབྱུང་།
དབང་ཆ་གཅིག་སྡུད་ཀྱི་ལམ་ལུགས་འོག་ནས། མྱུལ་མ་རྣམས་ཀྱིས་སྤྱི་ཚོགས་ཁྲོད་ཀྱི་བྱ་གཞག་དང་། ཐ་ན། ཁྱིམ་ཚང་གི་བྱེད་སྒོ་ཐམས་ཅད་ལ་རྟོག་ཞིབ་བྱེད་ཅིང་། དེ་ལ་བརྟེན་ནས། མི་ཚོ་ཕན་ཚུན་གྱི་ཡིད་ཆེས་བརླགས་ནས་རྟག་ཏུ་དོགས་པའི་ངང་གནས་ཀྱི་ཡོད། ལྷག་བསམ་ཟོལ་མེད་ཀྱི་ཡི་རང་དང་། ཡིད་ཆེས་ཀྱི་གཞི་རྩའི་འདུ་ཤེས་བརླགས་རྗེས། བདེ་སྐྱིད་འབྱུང་བའི་རེ་བ་ཇི་ལྟར་བྱེད་ཐུབ། དེའི་ཚབ་ཏུ་འཇིགས་སྣང་དང་རེ་དོགས་ཀྱིས་བསྐྲུན་པའི་སྤྱི་ཚོགས་ཤིག་གི་ནང་ནས། ཐ་ན། རང་གི་གྲིབ་གཟུགས་ཚུན་ཆད་ལའང་འཇིགས་སྐྲག་བྱེད་པའི་བ་གླང་ལྟར་འཚོ་རྒྱུ་རེད།
དེར་བརྟེན། མི་གཞན་དང་འགྲོ་བ་གཞན་དག་ལ་ཕན་པ་སྒྲུབ་འདོད་ཀྱི་བསམ་བློ་ནི། ཞི་བདེ་དང་བདེ་སྐྱིད་ཀྱི་རྩ་བའི་རྨང་གཞི་ཡིན་ལ། དེང་སྐབས་ཡར་རྒྱས་ཆེ་བའི་རྒྱལ་ཁབ་མང་པོར་ཕྱིའི་དངོས་པོ་དང་འཕྲུལ་རིག་གི་ཡར་རྒྱས་ཀྱི་ཚད་ངེས་ཅན་ཞིག་ལ་སོན་ཡོད་ཀྱང་། ནང་གི་ཞི་བདེ་དང་། ནང་གི་སྙིང་རྗེས་མ་ལྡང་བའི་སྟབས་ཀྱིས་རྒྱལ་ཁབ་དེ་དག་ལ་མུ་མཐུད་ནས་དཀའ་ངལ་སྣ་ཚོགས་ལ་འཕྲད་ཀྱིན་ཡོད། དངུལ་ཁོ་ན་ལ་བརྟེན་ནས་ཆོག་ཤེས་དང་ཡིད་ཚིམས་སྐྱེ་བར་འདོད་པ་དེ་ནོར་འཁྲུལ་ཆེན་པོ་ཞིག་རེད། འོན་ཀྱང་། གཞན་ཕན་གྱི་ལྟ་བའམ་འགྲོ་བ་གཞན་རྣམས་ལ་ཕན་པ་སྒྲུབ་འདོད་ཀྱི་བསམ་བློ་ཡིས་གནས་སྟངས་འདི་ལ་ལེགས་སྐྱེས་ཤིག་ཏན་ཏན་འབུལ་ཐུབ།
འཕྲུལ་རིག་གི་ཡར་རྒྱས་ལ་བརྟེན་ནས། དེང་རབས་ཀྱི་དམག་འཁྲུག་གི་གཏོར་བརླག་ནུས་ཤུགས་ནི། བློ་ཡུལ་ལས་འདས་པ་ཞིག་ཆགས་ཡོད། ང་ཚོས་ཞི་བདེ་ཡོང་བའི་ཆེད་དུ་དམག་འཁྲུག་རྒྱག་པ་རེད་ཅེས་བཤད་པ་སྨོས་ཅི་དགོས་ཀྱང་། ཁོང་ཁྲོ་དང་། དམག་འཁྲུག །གཞན་ལ་དབང་ཡོད་བྱེད་པ་བཅས་རྨང་གཞིར་བཟུང་ནས་གཏན་གྱི་བདེ་སྐྱིད་དང་ཞི་བདེ་ཞིག་ཇི་ལྟར་སྐྲུན་ཐུབ། དོན་དམ་གྱི་མཉམ་ལས་དང་དོན་དམ་པའི་གཏན་གྱི་བདེ་སྐྱིད་དང་ཞི་བདེ་ནི། བྱམས་པ་དང་སྙིང་རྗེ་ཁོ་ན་རྨང་གཞིར་བཟུང་ནས་འབྱུང་ཐུབ། ངོས་ཕྱི་རྒྱལ་ལ་སོང་ནས་མི་འདྲ་མིན་ལ་སྐད་ཆ་ནམ་བཤད་ནའང་། རྟག་པར་སེམས་བཟང་པོ་དང་གཞན་ཕན་གྱི་བསམ་བློའི་གལ་ཆེན་རང་བཞིན་ནན་བཤད་བྱེད་ཀྱི་ཡོད། ནང་པའི་གསུང་རབ་རྣམས་སུ། ནན་བཤད་བྱ་རྒྱུ་གཙོ་བོ་ནི་གཞན་ཕན་གྱི་བསམ་བློ་བསྐྱེད་རྒྱུ་དེ་ཡིན་ལ། བསམ་བློ་འདིས་སྡུག་བསྔལ་གྱིས་མནར་བའི་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་འཚང་རྒྱ་ཕྱིར་གཞན་ལ་ཕན་པ་སྒྲུབ་འདོད་ཀྱི་སེམས་ཤིག་ཇི་ལྟར་བསྐྱེད་པ་དམིགས་ཡུལ་དུ་བཟུང་ཡོད་པས། འདི་ནི་གཞན་ཕན་གྱི་བསམ་བློའི་རིགས་ཁྱད་པར་བ་ཞིག་ཡིན།
(འཚོ་བའི་ཁྲོད་ཀྱི་དགའ་སྤྲོ་དང་། འཆི་བའི་སྐབས་ཀྱི་ཞི་བདེ་ཞེས་པ་ལས་བཏུས།)