བྱམས་བརྩེ་ཅན་གྱི་སེམས་བཟང་པོ་འདི་ནི། ཐ་ན། ཚེ་འདི་ལའང་དགོས་མཁོ་ཡོད་པར་མ་ཟད། མ་འོངས་པར་སྐྱེ་བ་རྒྱུན་མི་འཆད་པར་ལེན་པའི་སྐབས་སུ་ལྷ་དང་མི་ལྟ་བུའི་སྐྱེ་བ་ལེགས་པོ་ཞིག་ལེན་འདོད་མཁན་ལའང་དགོས་མཁོ་ཡོད། བདེ་འགྲོའི་གོ་འཕང་ནི། གཞན་གྱི་སྲོག་མི་གཅོད་པ་ལྟ་བུའི་ཉམས་ལེན་གྱི་འབྲས་བུ་ཡིན་ལ། དོན་དངོས་ཐོག་བདེ་འགྲོ་ནི། གཞན་གྱི་ལུས་དང་། སྲོག །ལོངས་སྤྱོད། གྲོགས། གཉེན་ཉེ་བཅས་ལ་གནོད་འཚེ་བྱེད་པའི་བྱ་སྤྱོད་ཐམས་ཅད་སྤངས་ཤིང་། སྲོག་མི་གཅོད་པ་དང་། མ་བྱིན་པར་མི་ལེན་པ། ལོག་པར་མི་གཡེམ་པ། རྫུན་མི་སྨྲ་བ། ཕྲ་མ་མི་བྱེད་པ། ཚིག་རྩུབ་མི་སྨྲ་བ། ངག་འཆལ་མི་སྨྲ་བ། བརྣབ་སེམས་མེད་པ། གནོད་སེམས་མེད་པ། ལོག་ལྟ་མེད་པ་སྟེ། དགེ་བ་བཅུའི་ཉམས་ལེན་ལ་བརྟེན་ནས་འབྱུང་། སྐྱེ་གནས་དེ་ལྟ་བུ་འཐོབ་བྱེད་ཀྱི་དགེ་བའི་རྒྱུ་ནི། གཞན་ལ་གནོད་འཚེའི་བྱ་སྤྱོད་རྣམས་སྤངས་པ་ལ་བརྟེན་ནས་གསོག་ཅིང་། འདི་ལྟ་བུའི་ཉམས་ལེན་གྱི་རྩ་བ་ནི། གཞན་གྱི་ཕྱོགས་ལ་སེམས་བཟང་པོ་ཞིག་གི་ལྟ་སྟངས་ཡོད་པ་དེ་ཡིན།
(འཚོ་བའི་ཁྲོད་ཀྱི་དགའ་སྤྲོ་དང་། འཆི་བའི་སྐབས་ཀྱི་ཞི་བདེ་ཞེས་པ་ལས་བཏུས།)