སྲོག་ཆགས་གྲོག་མར་མཚོན་ན། དེ་དག་གིས་སྒེར་དོན་བསྐྱུར་ནས་སྤྱི་དོན་གཉེར་བས། འདི་དང་བསྡུར་ན་ང་ཚོ་བདེ་འགྲོར་སྐྱེས་ཡོད་པའི་ཁུལ་ཡིན་ཀྱང་། སྐབས་རེར། ང་ཚོར་སྤྱི་སེམས་དེ་འདྲ་ཞིག་མེད། དེས་ན། ང་ཚོས་ངེས་པར་དུ་འགྲོ་བ་མི་དང་མཐུན་པའི་བྱ་བ་ཞིག་གཉེར་དགོས།
ང་ཚོས་འཛམ་གླིང་གི་ལོ་རྒྱུས་ལ་བལྟས་ན། ཚེ་སྲོག་ཆེས་མང་པོ་འཕྲོག་པའི་རྐྱེན་ངན་དང་ཆག་སྒོ་ཕལ་ཆེ་བ་འགྲོ་བ་མིས་བསྐྲུན་པ་ཡིན་ལ། འགྲོ་བ་མིས་ཟ་ངེ་ཟིང་ངེ་བཟོས་པ་རེད། ད་ལྟའི་ཆར་མི་རིགས་དང་། རིགས་རྒྱུད། དཔལ་འབྱོར་སོགས་ཀྱི་དཀའ་རྙོག་ལ་བརྟེན་པའི་འཇིགས་སྣང་རྒྱུན་མི་ཆད་པའི་ཁྲོད་དུ་མི་ས་ཡ་མང་པོ་འཚོ་བཞིན་ཡོད། འཇིགས་སྣང་དེའི་རིགས་སྐྲུན་མཁན་སུ་ཡིན་ནམ། དུད་འགྲོ་ནི་མིན། དམག་འཁྲུག་ལ་བརྟེན་ནས་དུད་འགྲོ་མང་པོའི་ཚེ་སྲོག་འཆོར་བཞིན་ཡོད་ཀྱང་དེ་དག་ང་ཚོས་སྣང་མེད་གཏོང་གི་ཡོད། ང་ཚོས་སོ་སོ་གཅིག་པུ་ལས་གཞན་ལ་སེམས་ཁུར་བྱེད་ཀྱི་མེད། དམག་འཁྲུག་བཀག་སྡོམ་བྱ་རྒྱུའི་གྲོས་མོལ་མང་པོ་འབྱུང་བཞིན་ཡོད་ཀྱང་། ཀུན་སློང་བཟང་པོ་བསྐྱེད་པ་ཙམ་མིན་པར་དངོས་སུ་ལག་བསྟར་བྱ་དགོས། བྱམས་བརྩེ་དང་འགན་ཁུར་གྱི་བསམ་བློ་མེད་པ། དེ་བཞིན་ཉེས་མེད་ཀྱི་དུད་འགྲོ་གསོད་ཅིང་ཟ་བ། འཁྲུག་རྩོད་དང་སྐྱེ་བོ་སྟོང་ཕྲག་མང་པོ་དམར་གསོད་ཀྱིས་འཚོ་བ་སྐྱེལ་བ་སོགས་བྱས་ན། ང་ཚོ་འགྲོ་བ་མི་ལ་རིན་ཐང་ཞིག་འདུག་གམ། དཀའ་རྙོག་དེ་དག་གཙང་བཟོ་བྱ་རྒྱུ་ང་ཚོའི་ལས་འགན་ཆགས་ཡོད།
བརྙན་འཕྲིན་བརྒྱུད་ལམ་ནི་དེང་སང་ཕན་ཚུན་འབྲེལ་བ་བྱེད་པའི་ཐབས་ལམ་བཟང་ཤོས་ཤིག་ཆགས་ཡོད། བརྙན་འཕྲིན་གྱི་ལས་རིགས་སུ་ཞུགས་ཡོད་མཁན་ཞིག་གིས་གཞན་ཕན་གྱི་བསམ་པ་འདི་འདྲ་ཞིག་ཉམས་སུ་བླངས་ན། ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་སྒྲུབ་ཐུབ། ཆགས་སྲེད་དང་དམར་གསོད་ཀྱི་གནས་ཚུལ་གྱིས་ང་ཚོར་འཕྲལ་དུ་སེམས་ཚོར་གཡོ་བའི་སྣང་བ་ཞིག་སྟེར་ཡང་། དེ་ཚོས་སེམས་ཀྱི་གཏིང་ལ་ཤུགས་རྐྱེན་ངན་པ་ཞིག་ཐེབས་ཀྱི་ཡོད། རྣམ་གཡེང་གི་རྩེད་འཇོ་དེའི་རིགས་ང་ཚོར་རྟག་ཏུ་དགོས་མཁོ་མེད། འོན་ཀྱང་། གཅིག་བྱས་ན། འདི་ནི་ང་རང་གི་ཇུས་གཏོགས་བྱ་ཡུལ་ཞིག་མ་རེད།
ཕྲུ་གུ་དང་ན་གཞོན་ཚོར་ཡང་ང་ཚོས་ངེས་པར་དུ་བྱམས་སྙིང་རྗེའི་ཉམས་ལེན་སྐོར་བསླབ་དགོས། དགེ་རྒན་དང་ཕ་མ་ཚོས་ཕྲུ་གུའི་རྒྱུད་ལ་དངོས་ཡོད་ཀྱི་བྱམས་བརྩེ་ལྟ་བུའི་འགྲོ་བ་མིའི་བཟང་སྤྱོད་རྣམས་འཇགས་པར་བྱས་ན། ཕན་ཐོགས་རླབས་ཆེན་ཞིག་འབྱུང་ངེས། ང་རང་གིས་ཚགས་ཤོག་ཅིག་གི་ཐོག་འདི་འདྲ་ཞིག་དོ་སྣང་བྱུང་།
(འཚོ་བའི་དོན་སྙིང་འཚོལ་བ་ཞེས་པ་ལས་བཏུས།)