གྲོགས་པོའི་འབྲེལ་བ་གླེང་སྐབས་ང་ཚོས་དེ་ལ་རིགས་གཉིས་ཕྱེ་ཆོག །འབྱོར་བ་དང་། དབང་ཆ། སྟོབས་ཤུགས་སོགས་རྨང་གཞིར་བྱས་པའི་གྲོགས་པོའི་འབྲེལ་བ་ནི་ལྷག་བསམ་རྣམ་དག་ཅན་ཞིག་མིན། འབྲེལ་བ་འདི་ལྟ་བུར་མཚོན་ན། འབྱོར་བ་དང་དབང་ཆ་སྟོབས་ཤུགས་སོགས་ཇི་སྲིད་ཡོད་པ་དེ་སྲིད་དུ་གྲོགས་པོའི་འབྲེལ་བ་དེའང་གནས་སྲིད་ཀྱང་། ཉིན་ཞིག་འབྲེལ་བ་དེའི་རྨང་གཞི་འདི་དག་ཉམས་ན། གྲོགས་པོའི་འབྲེལ་བ་དེ་ཡང་རང་བཞིན་གྱིས་ཉམས་འགྲོ་བ་རེད།
དེ་ལས་ལྡོག་སྟེ། གྲོགས་པོའི་འབྲེལ་བ་ངོ་མ་ནི། འགྲོ་བ་མིའི་སེམས་ཚོར་རྣལ་མ་དང་། ཐག་ཉེ་རུ་འཛིན་པའི་བསམ་བློ། རྒྱུས་མངའ་ཆེ་བའི་འདུ་ཤེས་སོགས་ལ་གཞིར་བྱས་ཡོད། ང་རང་གིས་གྲོགས་པོའི་འབྲེལ་བ་འདིའི་རིགས་ནི། ལྷད་མེད་པ་ཞིག་ཏུ་འདོད་ཀྱི་ཡོད། རྒྱུ་མཚན་ནི། འདི་ལྟ་བུའི་འབྲེལ་བ་ལ་ཕན་ཚུན་གྱི་འབྱོར་བ་དང་། སྙན་གྲགས། སྟོབས་ཤུགས་སོགས་དར་རྒུད་བྱུང་བ་དེས་ཤུགས་རྐྱེན་གང་ཡང་ཐེབས་མི་ཐུབ། དེ་འདྲའི་གྲོགས་པོའི་འབྲེལ་བ་དེ་མུ་མཐུད་དུ་གནས་མི་གནས་ནི། ཕན་ཚུན་གྱི་བརྩེ་སེམས་ལ་ཐུག་ཡོད། གལ་སྲིད་བརྩེ་བ་དང་བྱམས་པའི་སེམས་ཚོར་ཞན་པོ་ཡོད་ན། ལྷད་མེད་པའི་གྲོགས་པོའི་འབྲེལ་བ་དེའང་གནས་མི་ཐུབ། འདི་ནི་ཧ་ཅང་གསལ་པོ་ཡིན།
(ཁོང་ཁྲོ་བཅོས་ཐབས། ནང་པའི་བཟོད་སྒོམ་གྱི་ནུས་སྟོབས་ཞེས་པ་ལས་བཏུས།)