གལ་སྲིད་མི་ཞིག་ང་ཚོར་བློ་ཐག་ཉེ་པོ་དང་། བྱམས་པོ་ཡོད་ན་གྲོགས་པོ་ཡིན་ཞིང་། ང་ཚོར་དཀའ་ངལ་དང་། གནོད་འཚེ་བྱས་ན། མི་དེ་དགྲ་བོ་རེད། ང་ཚོས་རང་གི་དགའ་པོ་ཉེ་པོའི་ཕྱོགས་ལ་བཟུང་བའི་བརྩེ་སེམས་དེ་ནི་འདོད་ཆགས་དང་འདྲེས་ནས་ཡོད། དེ་དང་མཚུངས་པར། རང་ཉིད་མི་དགའ་བའི་མི་ཚོ་ལ་ཡང་ཁོང་ཁྲོ་དང་ཞེ་སྡང་ལྟ་བུའི་མི་དགེ་བའི་སེམས་ཚོར་འཛིན་གྱི་ཡོད། དེའི་ཕྱིར། གཞན་ལ་བཟུང་བའི་ང་ཚོའི་སྙིང་རྗེ་ནི། ཕྱོགས་རིས་པ་དང་ཚད་བཀག་ཅན་ཞིག་ཡིན་ཞིང་། རང་ཉིད་སྙིང་རྗེའི་ཡུལ་དེར་བློ་ཐག་ཉེ་མ་ཉེ་ལྟ་བུའི་ཚོར་བའི་དབང་དུ་སོང་ཡོད།
ཡང་དག་པའི་སྙིང་རྗེ་ནི་ཆ་རྐྱེན་ལ་ལྟོས་མེད་ཅིག་ཡིན་དགོས་ཤིང་། ཕྱོགས་ལྷུང་དང་ཉེ་རིང་གི་སེམས་ཚོར་ལས་རྒྱལ་ཆེད། ང་ཚོས་ངེས་པར་དུ་བཏང་སྙོམས་ཉམས་སུ་ལེན་དགོས། དེ་ཉམས་ལེན་བྱེད་པའི་ཐབས་ལམ་གཅིག་ནི། གྲོགས་པོའི་འབྲེལ་བ་ལ་ངེས་བརྟན་མེད་པ་དེར་བསམ་བློ་གཏོང་དགོས། དང་པོ་ང་ཚོས་བློ་ཐག་ཉེ་བའི་ད་ལྟའི་གྲོགས་པོ་ཞིག་དུས་གཏན་དུ་གྲོགས་པོ་ཞིག་ཏུ་འགྱུར་བའི་ངེས་བརྟན་མེད་པ་དེར་བསམ་བློ་གཏོང་དགོས། དེ་དང་མཚུངས་པར། མི་ཞིག་ལ་མི་དགའ་བའི་རང་གི་ཚོར་བ་དེ་གཏན་དུ་མི་གནས་པ་ཡང་ང་ཚོའི་ཡིད་ལ་འཆར་ཐུབ་པ་ཞིག་ཡིན། ང་ཚོས་འདི་ལྟར་བསམ་བློ་བཏང་ན། རང་གི་ཉེ་རིང་གི་ཚོར་བ་དྲག་པོ་དེ་ཞན་དུ་འགྲོ་ཞིང་། རང་གི་འདོད་ཆགས་ཀྱི་བློ་དྲག་པོ་དེ་ཡང་ཉམས་རྒྱུ་རེད།
ང་ཚོས་དགྲ་བོ་ལ་བཅངས་པའི་ཞེ་འཁོན་དང་། གྲོགས་པོ་ལ་བཟུང་བའི་ཞེན་ཆགས་དྲག་པོའི་བློ་དེ་དག་ལས་བྱུང་བའི་མི་དགེ་བའི་འབྲས་བུ་རྣམས་ལའང་བསམ་བློ་གཏོང་དགོས། སྐབས་རེར། ང་ཚོ་ནི་ཞེན་ཆགས་ཀྱི་བློ་དེའི་གཞན་དབང་དུ་གྱུར་ནས་གྲོགས་པོའམ་རང་ཉིད་དགའ་སའི་མི་དེའི་སྐྱོན་རྣམས་མཐོང་གི་མེད། ང་ཚོས་མི་དེར་ཉེས་སྐྱོན་གང་ཡང་མེད་པར། ཡིད་དུ་འོང་བའི་ཡོན་ཏན་ཤ་སྟག་ཡོད་པར་སྣང་བས། ཁོ་ཚོའི་བྱ་བ་གང་རུང་ཞིག་རང་གི་མཐོང་ཚུལ་དེ་དང་ལྡོག་ཕྱོགས་སུ་གྱུར་པའི་ཚེ་ན། ང་ཚོ་ཧོན་འཐོར་གྱི་ཡོད། ང་ཚོའི་ཐལ་དྲགས་པའི་དགའ་བ་དང་ཞེན་ཆགས་ནི། ཞེ་ལོག་དང་། བློ་ཕམ་གྱི་ངོ་བོར་འགྱུར་གྱི་ཡོད། ཐ་ན། མཚམས་རེར། ཁོང་ཁྲོའི་ངོ་བོའང་འགྱུར་གྱི་རེད། ཐ་ན། རང་ཉིད་དགའ་སའི་མི་དེའི་མཛའ་འབྲེལ་ལས་བྱུང་བའི་ནང་སེམས་ཀྱི་ཡིད་ཚིམ་དང་བདེ་བ་ཡང་མཐའ་མར་བློ་ཕམ་དང་། ཡིད་ཞུམ། འཁོན་སེམས་སོགས་ཀྱི་ངོ་བོར་འགྱུར་གྱི་རེད། ཕོ་མོའི་དབར་གྱི་བརྩེ་དུང་ངམ། ཡང་ན། ཚུལ་མཐུན་གྱི་ཞེ་སྡང་ལྟ་བུའི་མྱོང་ཚོར་དྲག་པོ་དེ་ཚོས་ཚོར་བ་ཟབ་མོ་ཞིག་བསྐྱེད་ཀྱང་། ཚོར་བ་དེའི་རིགས་ནི་སྐད་ཅིག་ཙམ་ལས་མི་སྡོད། ནང་པའི་ལྟ་ཚུལ་གྱི་ངོས་ནས་བཤད་ན། ཐོག་མ་ནས་དེ་ལྟ་བུའི་སེམས་ཚོར་གྱི་འཆིང་རྒྱའི་ནང་དུ་མ་ཚུད་པར་བྱ་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན།
(གུ་ཡངས་ཀྱི་བསམ་བློ་ཞེས་པ་ལས་བཏུས།)