ཁག་ཐེག་བྱེད་དགོས་པ་ནི། ང་ཚོས་ཅི་ཞིག་སྒྲུབ་རུང་། རང་གི་སྒོམ་ལས་བྱུང་བའི་ཤུགས་རྐྱེན་དེ་རྒྱུན་འཁྱོངས་བྱས་ནས་ཉིན་རེའི་འཚོ་བའི་ཁྲོད་ནས་རང་ཉིད་ཀྱི་སྤྱོད་ལམ་ལ་ཁ་ལོ་སྒྱུར་ཐུབ་པར་བྱ་རྒྱུ་དེ་ཡིན། དེ་ལྟར་བྱས་པ་ལ་བརྟེན་ནས། ང་ཚོས་སྒོམ་གྱི་གནས་སྐབས་མིན་པའི་བྱ་བ་གང་བྱས་པ་ཐམས་ཅད་སྙིང་རྗེའི་ཉམས་ལེན་གྱི་ཆ་ཤས་ཤིག་ཏུ་འགྱུར་གྱི་ཡོད། ང་ཚོར་མཚོན་ན། བཟའ་ཟླ་ཤི་བའི་ངོ་ཤེས་ཤིག་གིས་མྱ་ངན་བྱེད་པ་དང་། ཡང་ན། སྨན་ཁང་དུ་ཡོད་པའི་ཕྲུ་གུ་ཞིག་ལ་སྙིང་རྗེ་སྐྱེ་རྒྱུ་ཁག་པོ་མིན། ང་ཚོས་དུས་རྒྱུན་དུ་ཕྲག་དོག་བྱེད་ས་དང་། རྒྱུ་ནོར་དང་འཚོ་བ་སྐྱིད་པོ་ཡོད་མཁན་ཚོར་སྙིང་རྗེ་ཇི་ལྟར་བྱེད་དགོས་མིན་ལ་བསམ་བློ་གཏོང་མགོ་རྩོམ་དགོས། སྡུག་བསྔལ་ཅི་ཞིག་ཡིན་པ་ཡང་ཡང་བསྒོམས་པ་ལས་བྱུང་བའི་ངེས་ཤེས་ཟབ་མོ་ཞིག་ལ་བརྟེན་ནས་ང་ཚོས་མི་འདི་ལྟ་བུ་ལ་སྙིང་རྗེ་བསྐྱེད་ཐུབ་ཅིང་། མཐའ་མར་ང་ཚོས་སེམས་ཅན་ཐམས་ཅད་འཁོར་བའི་ནང་དུ་ལྷུང་ཡོད་པ་ཤེས་ནས་རང་གི་སྙིང་རྗེའི་དམིགས་པར་འཛིན་རྒྱུ་རེད། ཚུལ་འདི་ལྟར། གཞན་དག་ལ་འབྲེལ་འདྲིས་བྱེད་པ་མཐའ་དག་ནི། རང་གི་སྙིང་རྗེ་དེ་འཕེལ་བར་བྱེད་པའི་རྐྱེན་གཙོ་བོ་ཞིག་ཡིན་ཞིང་། འདི་ནི་ཉིན་རེའི་འཚོ་བའི་ནང་སྒོམ་གྱི་གནས་སྐབས་མ་ཡིན་པའི་དུས་སུ་ཡང་སྙིང་རྗེའི་བློ་དེ་འཛིན་ཚུལ་ཡིན།
ཡང་དག་པའི་སྙིང་རྗེ་ལ་བརྩེ་བའི་ཨ་མ་ཞིག་གིས་རང་གི་བྱིས་པའི་སྡུག་བསྔལ་ལ་སེམས་ཁུར་དྲག་པོ་བྱེད་པའི་ཁྱད་ཆོས་དེ་ཡོད་དགོས་ཤིང་། ཨ་མའི་སེམས་དེས་ཉིན་གང་ལ་མོའི་བསམ་བློ་དང་བྱ་སྤྱོད་མཐའ་དག་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། འདི་ལྟ་བུའི་བློ་ཞིག་ང་ཚོས་འགྲོ་བ་སེམས་ཅན་ཐམས་ཅད་ལ་བསྐྱེད་པར་བརྩོན་བཞིན་ཡོད་ཅིང་། ང་ཚོ་ལ་བློ་འདི་སྐྱེས་པའི་ཚེ་ན་ང་ཚོས་སྙིང་རྗེ་ཆེན་པོ་བསྐྱེད་ཡོད།
བྱམས་པ་དང་སྙིང་རྗེ་ཆེན་པོས་ཡིད་དྲངས་ཤིང་། གཞན་ཕན་གྱི་བློ་ཡིས་ཀུན་ནས་བསླངས་པའི་ཚེ་ན། ང་ཚོས་སྐྱེ་རྒ་ན་འཆིའི་འཁོར་བའི་བཙོན་མར་གྱུར་པའི་འགྲོ་བ་སེམས་ཅན་ཐམས་ཅད་དེའི་སྡུག་བསྔལ་ལས་གྲོལ་བའི་གཞན་དོན་ལ་བརྩོན་པའི་དམ་བཅའ་ངེས་པར་དུ་འཇོག་དགོས།
(གུ་ཡངས་ཀྱི་བསམ་བློ་ཞེས་པ་ལས་བཏུས།)