ང་ཚོར་སྤྱིར་བཏང་དུ་ཡོད་པའི་སྙིང་རྗེ་ནི། སྡུག་བསྔལ་དྲག་པོ་མྱོང་བཞིན་པའི་མི་ཞིག་མཐོང་ན་ང་ཚོས་ཁོ་ལ་རང་བཞིན་གྱིས་གདུང་སེམས་མཉམ་བསྐྱེད་བྱེད་པ་ལྟ་བུ་ཡིན། དེ་འདྲའི་སྐབས་ལ་ང་ཚོའི་སེམས་སུ། ཅི་འདྲའི་ཡིད་སྐྱོ་བ་ཞིག་དང་། ཅི་འདྲའི་སྙིང་རྗེ་དགོས་པ་ཞིག་རེད་ཨང་ཞེས་སྙམ་གྱི་ཡོད། དེ་ལྟར་ཡང་། རྒྱུ་འབྱོར་བ་སོགས་ཀྱིས་ཕྱུག་པའི་མི་ཞིག་དང་འཕྲད་སྐབས། སྙིང་རྗེ་དང་ཡ་ང་བའི་ཚོར་བ་ཞིག་སྐྱེ་བ་ལས། ང་ཚོ་ཕྲག་དོག་ལང་གི་ཡོད། དེར་བརྟེན། ང་ཚོའི་སྙིང་རྗེ་དེ་བྱིས་པའི་བརྟུལ་ཞུགས་ལས་མ་འདས། ང་ཚོར་འདི་ལྟ་བུའི་ཚོར་བ་ཡོད་པའི་རྒྱུ་མཚན་ནི། ང་ཚོས་སྡུག་བསྔལ་གྱི་ངོ་བོ་དེ་ལེགས་པོ་མ་རྟོགས་པས་ཡིན་ཞིང་། སྡུག་བསྔལ་དང་དེའི་དོན་ལེགས་པོ་རྟོགས་པའི་བློ་ཞིག་གོང་འཕེལ་དུ་གཏོང་བར་ང་ཚོས་ཟབ་མོའི་ལམ་ལ་སྦྱང་དགོས་པ་ཡིན།
སྡུག་བསྔལ་གྱི་རང་བཞིན་རྟོགས་པ་དང་། དེའི་དོན་ངོས་འཛིན་བྱེད་པ་ཙམ་གྱིས་མི་ཆོག་པར། སྡུག་བསྔལ་ལས་གྲོལ་བའི་གོ་འཕང་ཞིག་ཡོད་པ་ཤེས་རྒྱུའང་གལ་ཆེན་པོ་ཡིན། འདིར་བདེན་པ་བཞིའི་རྣམ་གཞག་དེ་འབྲེལ་ཡོད་དུ་གྱུར་ཡོད་ལ། འདི་ནི་ནང་པའི་ཐེག་པ་ཆེ་ཆུང་ཀུན་ལ་ཐུན་མོང་བ་ཞིག་ཡིན།
(ཁོང་ཁྲོ་བཅོས་ཐབས། ནང་པའི་བཟོད་སྒོམ་གྱི་ནུས་སྟོབས་ཞེས་པ་ལས་བཏུས།)