འདོད་ཆགས་དང་ཞེ་སྡང་གཉིས་ཀྱི་ཁྱད་པར་ནི། ཞེ་སྡང་སྐྱེས་པའི་སྐབས་སུ། དེ་ནི་གཏོར་བཅོམ་དང་རྩུབ་པོའི་རང་བཞིན་ཅན་ཞིག་ཡིན་ཞིང་། དེ་ལ་འཕྲལ་མར་མ་དུལ་བའི་ཁྱད་ཆོས་ཤིག་ཡོད། འདོད་ཆགས་ལ་མཚོན་ན་དེ་ལྟ་བུ་ཞིག་མིན་ཞིང་། དེ་ནི་ཧ་ཅང་ཞི་འཇམ་ཅན་ཞིག་ཡིན། དེ་ལྟར་ཡིན་ཀྱང་། འདོད་ཆགས་ནི་ཞེ་སྡང་གི་རྩ་བར་ཡོད་པས། ང་ཚོས་ཞེ་སྡང་རྩ་བ་ནས་མེད་པར་གཏོང་དགོས་ན། འདོད་ཆགས་ངེས་པར་དུ་སྤོང་དགོས།
འདི་རུ་གསལ་པོར་ཤེས་དགོས་པ་ཞིག་ནི། འདོད་ཆགས་དེ་བྱང་ཆུབ་སེམས་དཔས་གཞན་དོན་སྒྲུབ་པའི་མཐུན་རྐྱེན་དུ་འཁྱེར་གྱི་ཡོད་པ་ཞིག་ཡིན་ན་ཡང་། དེ་ནི་འདོད་ཆགས་ཀྱི་རང་བཞིན་གྱིས་མ་ཡིན་པར། བྱང་ཆུབ་སེམས་དཔས་གཞན་དོན་སྒྲུབ་པའི་སླད་དུ་འདོད་ཆགས་དང་དུ་བླངས་པ་དེ། ཐབས་དམིགས་བསལ་བ་དང་ལྡན་པའི་སྒོ་ནས་དང་དུ་ལེན་པ་འདི་ཡིན། དེར་བརྟེན། འདོད་ཆགས་ནི་འཁོར་བའི་རྩ་བ་རུ་ཡོད་པ་ང་ཚོས་ངེས་པར་དུ་ཤེས་དགོས།
དེ་བཞིན། ཐ་ན། ཁྱིམ་ཚང་ཞིག་ལ་མཚོན་ནའང་། དེའི་ནང་དུ་འགལ་ཟླ་དང་རྩོད་རྙོག་མང་པོ་ཞིག་འབྱུང་གི་ཡོད་པ་ནི་གཙོ་བོ་འདོད་ཆགས་ལ་ཐུག་ཅིང་། ང་ཚོས་གཟུགས་སྒྲ་དྲི་རོ་སོགས་ཡུལ་སོ་སོ་དང་འབྲེལ་བའི་འདོད་ཆགས་ཀྱི་རྣམ་པ་མི་འདྲ་བ་དུ་མ་ཡོད་པ་ཤེས་ཐུབ། དེ་དག་རེ་རེས་ཀྱང་ང་ཚོར་དཀའ་ངལ་དང་སྡུག་བསྔལ་ཚད་མེད་ཅིག་སྐྱེད་ཀྱིན་ཡོད། དེ་ལྟར་ཡིན་ཀྱང་། དེ་ཚོའི་ནང་ནས་འཁྲིག་སྲེད་ཀྱི་འདོད་ཆགས་ནི་སྟོབས་ཤུགས་ཆེ་ཤོས་དེ་ཡིན་པར་སྣང་ཞིང་། ནང་པའི་གཞུང་དུ་འཁྲིག་སྲེད་ཀྱི་འདོད་ཆགས་གསུང་སྐབས་ང་ཚོའི་དབང་པོ་ལྔ་དང་འབྲེལ་བའི་ཆགས་པ་ཡང་འདུས་ཡོད། དེར་བརྟེན། འདོད་ཆགས་ཀྱི་རིགས་འདི་ལ་མི་དགེ་བའི་ལས་སྤྱོད་པའི་ནུས་པ་དང་སྟོབས་ཤུགས་ཆེན་པོ་ཞིག་ཡོད།
ཡིན་ན་ཡང་། སྒོར་མོ་ལ་ཞེན་པའི་སྲེད་པ་དེ་གང་གི་ཁོངས་སུ་གཏོགས་པ་ཡིན་ནམ། མི་ཞིག་སྒོར་མོའི་བཟོ་དབྱིབས་ཀྱི་རྣམ་པ་ལ་ཆགས་པ་མི་སྐྱེ་ཞིང་། དེའི་སྒྲ་སྙན་པོ་ཡིན་པས་དེ་ལ་ཆགས་པ་སྐྱེས་པར་ཡང་བརྗོད་མི་ཐུབ། ཡིན་ན་ཡང་། སྒོར་མོ་ལ་བརྟེན་ནས་ང་ཚོས་འདོད་པའི་ཅ་དངོས་མང་པོ་ཞིག་ཉོ་སྒྲུབ་བྱེད་ཐུབ་པས། སྒོར་མོ་ལ་སྲེད་པའི་འདོད་ཆགས་ཀྱང་དེའི་རྐྱེན་གྱིས་སྟོབས་ཤུགས་ཆེན་པོར་གྱུར་པ་ཡིན་སྲིད།
འདི་རུ་ཕོ་མོའི་འབྲེལ་བའི་སྐོར་གླེང་ན་འབྲེལ་ཡོད་ཅིག་ཡིན་ཞིང་། ཕོ་མོའི་དབར་གྱི་འདོད་ཆགས་གཞིར་བྱས་ནས་བྱུང་བའི་འབྲེལ་བ་ལ་རིགས་གཙོ་བོ་གཉིས་ཡོད། གཅིག་ནི་ལུས་འབྲེལ་བྱེད་འདོད་ཀྱི་ཆགས་སྲེད་ཁོ་ན་ལྟ་བུའི་ངོ་བོ་ཞིག་ཡིན་ཞིང་། འབྲེལ་བ་འདིའི་རིགས་ལ་མཚོན་ན། འཕྲལ་གྱི་བདེ་བ་འཐོབ་རྒྱུ་སྟེ་འཁྲིག་སྲེད་ཀྱི་འདོད་པ་དེ་བསྐང་རྒྱུ་ཙམ་རེད། འདི་ལྟར་གྲུབ་པའི་འབྲེལ་བ་ནི་བརྟན་པོ་ཞིག་མིན་ཏེ། ཕན་ཚུན་ལ་མིའི་འདུ་ཤེས་འཛིན་པ་ལས་ཅ་ལག་གི་འདུ་ཤེས་བཟུང་ཡོད་པས་ཡིན། ཡིན་ན་ཡང་། འབྲེལ་བའི་རིགས་གཉིས་པ་ནི། གཙོ་བོ་ཕྱིའི་རྣམ་པ་ཡིད་དུ་འོང་བས་མ་ཡིན་པར། ཕ་རོལ་པོར་འཆམ་པོ་དང་། བྱམས་སྐྱོང་གི་ཚོར་བ་རྨང་གཞི་བྱས་ཏེ། གཞན་ལ་རིན་ཐང་སྤྲོད་པ་དང་། གཞན་གྱི་བཟང་ཕྱོགས་ལ་ཡི་རང་བྱེད་པ་བཅས་རྩ་བར་བཟུང་ནས་གྲུབ་ཡོད་པས། གཞན་ལ་བརྩི་བཀུར་དང་མཐོང་ཆེན་བྱེད་པའི་རྣམ་པ་ཅན་ཞིག་ཡིན། འདི་ལྟར་གྲུབ་པའི་འབྲེལ་བ་གང་ཡིན་ཀྱང་། དེ་ནི་རྒྱུན་རིང་དུ་གནས་ཐུབ་པར་མ་ཟད། ཚུལ་ལྡན་ཞིག་ཀྱང་ཡིན། འདི་ལྟ་བུའི་འབྲེལ་བ་ཞིག་འཛུགས་པར་གང་ཟག་སོ་སོས་གཞན་དག་ལ་མིའི་རིན་ཐང་སྤྲད་ནས། ཕན་ཚུན་རྒྱུས་ལོན་བྱེད་པར་དུས་ཚོད་ལྡང་ངེས་ཤིག་དགོས། དེ་བས་ན། ཕྱོགས་གཉིས་ཀ་ལ་ཕན་ཚུན་རྒྱུས་ལོན་བྱེད་པ་དང་། ཕན་ཚུན་གྱི་གཞི་རྩའི་གཤིས་སྤྱོད་སོགས་ཤེས་པའི་ཆུ་ཚོད་ལྡང་ངེས་པ་ཞིག་ཡོད་ན། དེ་འདྲའི་ཕན་ཚུན་རྒྱུས་ལོན་པ་གཞི་རྩར་བྱས་པའི་འབྲེལ་བ་གང་ཡིན་ཀྱང་དེ་ནི་ཡིད་བརྟན་འཕེར་བ་ཞིག་དང་། རྒྱུན་རིང་གནས་ཐུབ་པ་ཞིག་ཆགས་ཀྱི་ཡོད། རིགས་གཉིས་པ་འདི་ལྟ་བུའི་ཕན་ཚུན་འབྲེལ་བ་ཆགས་ཚུལ་འདིའི་ཁོངས་སུ་ལྷད་མེད་པའི་སྙིང་རྗེ་ཡང་འདུས་ཡོད་པར་བཤད་ཆོག །འདི་འདྲའི་འབྲེལ་བའི་ཁྲོད་དུ། ཕན་ཚུན་ལ་རྒྱབ་སྐྱོར་དང་ཡིད་ཆེས་ཀྱི་འདུ་ཤེས་ཡོད་པས། ཕན་ཚུན་ལ་འགན་ཁུར་གྱི་འདུ་ཤེས་ཀྱང་ཡོད། ཡིན་ན་ཡང་། འབྲེལ་བ་སྔ་མའི་རིགས་ལ་མཚོན་ན། གནས་སྐབས་ཀྱི་བདེ་བ་གཅིག་པུའི་ཆེད་ཡིན་པས། ཁྱད་ཆོས་དེ་རྣམས་ཡོད་པར་མི་འགྱུར།
ང་རང་གིས་སྔོན་བཤད་པ་བཞིན། མི་གཅིག་གམ། ཡང་ན། མི་རེ་རེའི་སྟེང་ནས་ང་ཚོས་འགལ་འདུ་མང་པོ་མཐོང་གི་ཡོད། སྐབས་རེར། མི་ཞིག་གི་སྔ་དྲོའི་བསམ་བློ་གཏོང་སྟངས་དང་། ཕྱི་དྲོའི་བསམ་བློ་གཏོང་སྟངས་ལ་ཁྱད་པར་ཧ་ཅང་ཆེན་པོ་ཤོར་བས། ཁྱད་པར་དེ་ཇི་ལྟར་སེལ་བར་མི་ཞིག་གིས་ནུས་པ་ཡོངས་རྫོགས་འདོན་དགོས་པ་ལྟ་བུའི་གནས་སྟངས་ཀྱང་ཡོད། གནས་སྟངས་འདིའི་རིགས་ཀྱིས་ང་ཚོ་ལ་མགོ་ན་རུ་འཇུག །དེ་བས་ན། མི་གཉིས་ཀྱི་དབར་དང་། ཕ་མ་དང་བུ་ཕྲུག་གི་དབར། ཡང་ན། མིང་སྲིང་གི་དབར་ལྟ་བུ་ལ་མི་མཐུན་ས་རང་བཞིན་གྱིས་ཡོད་ཅིང་། འཁྲུག་རྩོད་ཆུང་ཆུང་དང་། བློ་ཁ་མི་མཐུན་ས་དེ་འདྲ་འབྱུང་ངེས་རེད། དེ་འདྲའི་བློ་ཁ་མི་མཐུན་ས་དང་། འཁྲུག་རྩོད། འགལ་ཟླ་སོགས་ཡོད་ངེས་ཡིན་ན། ང་ཚོས་དེ་དག་ལ་གདོང་ལེན་ཇི་ལྟར་བྱེད་དམ། གལ་སྲིད་ང་ཚོ་དཀའ་རྙོག་འདིའི་རིགས་སེལ་ཐུབ་པའི་རང་ཉིད་ཀྱི་ནུས་སྟོབས་ལ་ཡིད་ཆེས་ཡོད་ན། ང་ཚོས་གནས་སྟངས་འདི་དག་ལ་གདོང་ལེན་བྱེད་ཐུབ།
(ཁོང་ཁྲོ་བཅོས་ཐབས། ནང་པའི་བཟོད་སྒོམ་གྱི་ནུས་སྟོབས་ཞེས་པ་ལས་བཏུས།)