དཔེར་ན། མཚོ་ཁུག་དམག་འཁྲུག་(Gulf War)གི་རྗེས་སུ། མི་མང་པོ་ཞིག་གིས་དམག་འཁྲུག་དེའི་འབྱུང་རྩ་ནི། ས་དམ་-་ཧུ་སན(Saddam Hussein) གྱི་ཐོག་ལ་ཁག་དཀྲི་ཡོད། ང་རང་གིས་དེ་ནི་དྲང་བདེན་མ་རེད་ཅེས་ཐེངས་མང་པོར་བཤད་མྱོང་། ཕྱོགས་འདི་ནས་ང་རང་གིས་ས་དམ་-ཧུ་སན་ལ་སྙིང་རྗེ་དགོས་པ་ཞིག་ཏུ་མཐོང་གི་ཡོད། ཁོ་རང་སྲིད་དབང་སྒེར་གཅོད་པ་ཞིག་ཡིན་པ་དང་། མི་ལེགས་པའི་ཆ་མང་པོ་ཞིག་ཡོད་པ་སོགས་བརྗོད་མི་དགོས་ནའང་།མཚོན་ཆ་མེད་པ་ཡིན་ན་དམག་དཔུང་ཞིག་གིས་གནོད་འཚེ་ཆེན་པོ་གཏོང་མི་ཐུབ། མཚོན་ཆ་ཚང་མ་དམག་མི་ཁོང་ཚོས་ཐོན་སྐྱེད་བྱས་པ་མ་རེད། དེའི་ཕྱིར། ང་ཚོས་འདི་ལྟར་བསམ་གཞིག་བྱེད་སྐབས་རྒྱལ་ཁབ་མང་པོ་ཞིག་ཀྱང་དེའི་ནང་དུ་ཞུགས་ཡོད་པ་རྟོགས་ཐུབ། འོན་ཀྱང་། ང་ཚོའི་སྤྱི་ཡོངས་ཀྱི་བསམ་བློའི་འཁྱེར་སོ་ནི། དེ་གཞན་ཞིག་ལ་ཁག་དཀྲི་བྱ་རྒྱུ་འདི་ཡིན་ཞིང་། བསམ་བློ་གཏོང་ཕྱོགས་འདིའི་དབང་གིས་ང་ཚོས་རྒྱུ་རྐྱེན་གཅིག་བཙལ་ནས་ཡོད་ཚད་དེ་ལ་ཁག་དཀྲི་བ་རེད།
དེར་བརྟེན། ང་རང་གིས་བལྟས་ན། ང་ཚོས་སོ་སོའི་བློ་ལ་སྦྱོང་བརྡར་སྤྲད་ནས་དོན་རྐྱེན་གཅིག་ལའང་རྒྱུ་རྐྱེན་སྣ་ཚོགས་ཤིག་ཡོད་པ་རྟོགས་པར་བྱེད་དགོས། ང་ཚོས་མི་གཅིག་རང་ཞིག་དོན་རྐྱེན་ཞིག་གི་འབྱུང་རྐྱེན་ཡོད་ཚད་དེ་ཡིན་པར་བཤད་ན་མི་འོས། དཔེ་མཚོན་གཞན་ཞིག་བཞག་ན། རྒྱ་ནག་གི་དབང་བསྒྱུར་འོག་གི་ང་ཚོའི་དཀའ་ངལ་ལ་སོམས་དང་། ཐབས་རྡུགས་ཀྱི་དོན་རྐྱེན་དེའི་རྒྱུ་རྐྱེན་མང་པོ་ཞིག་བོད་པ་ཚོའི་ཕྱོགས་ནས་བསྒྲུབས་ཡོད། ང་ཚོའི་མི་རབས་འདིས་ཀྱང་དེ་ལ་རམ་འདེགས་ཉུང་ངུ་ཞིག་བྱས་ཡོད། འོན་ཀྱང་། ཉུང་མཐར་ཡང་འདས་པའི་མི་རབས་འགའ་ཡིས་རྒྱུ་རྐྱེན་མང་པོ་ཞིག་ཚང་བར་བྱས་ཡོད། དེ་ལྟ་བས་ན། ཡོད་ཚད་རྒྱ་ནག་གི་སྟེང་དུ་ཁག་དཀྲི་བ་ནི་དྲང་བདེན་ཞིག་ཆགས་མེད།
གནས་སྟངས་བྱེ་བྲག་པ་ཅི་འདྲ་ཞིག་ཡིན་ཀྱང་། ང་ཚོས་དེ་ལ་ཕྱོགས་སུ་མ་ལྷུང་བའི་སྒོ་ནས་གུ་ཡངས་ཀྱི་བློ་ཞིག་གིས་བརྟག་དཔྱད་བྱས་ན། རང་ཉིད་ཀྱང་གནས་སྟངས་དེ་དང་འབྲེལ་ཡོད་ཅིག་ཡིན་པ་རྟོགས་རྒྱུ་རེད།
(ཁོང་ཁྲོ་བཅོས་ཐབས། ནང་པའི་བཟོད་སྒོམ་གྱི་ནུས་སྟོབས་ཞེས་པ་ལས་བཏུས།)