ང་རང་གི་གཞི་རྩའི་ཡིད་ཆེས་གཅིག་ནི། ང་ཚོར་སྙིང་རྗེ་སྐྱེད་པའི་ནུས་པའམ་གཞི་ཡོད་པར་མ་ཟད། འགྲོ་བ་མིའི་གཞི་རྩའི་རང་བཞིན་ཡང་ཞི་དུལ་ཡིན་པ་འདི་ཡིན། ང་ཚོ་འགྲོ་བ་མི་གཅིག་པུ་མ་ཡིན་པར་སེམས་ཅན་ཡོད་དོ་ཅོག་གི་གཞི་རྩའི་རང་བཞིན་དེའང་ཞི་དུལ་ཡིན། ང་རང་གི་ཡིད་ཆེས་འདི་ནང་པའི་ཁམས་བདེ་གཤེགས་སྙིང་པོའི་ལྟ་བ་དེ་གཞི་ལ་བཞག་པ་ཙམ་མ་ཡིན་པར་རྒྱུ་མཚན་གཞན་མང་པོ་ཡོད།
དཔེར་ན། གལ་ཏེ་ང་ཚོས་རང་ཉིད་སྐྱེས་ནས་མ་ཤིའི་བར་གྱི་མི་ཚེའི་བརྒྱུད་རིམ་ལ་བསམ་བློ་ཞིབ་ཏུ་བཏང་ན། ང་ཚོའི་གཞི་རྩའི་རང་བཞིན་དེ་ཕན་ཚུན་ལ་གཅེས་སྐྱོང་བྱེད་པའི་བརྩེ་བའི་རང་བཞིན་ཅན་ཞིག་ཡིན་པ་མཐོང་ཐུབ་ཅིང་། གཞན་གྱིས་ང་ཚོ་ལ་བརྩེ་བ་བྱེད་སྐབས་ང་ཚོས་དེ་གསལ་པོར་ཚོར་ཐུབ་ཀྱི་ཡོད། དེར་མ་ཟད། ང་ཚོ་ལ་བརྩེ་བའི་ཚོར་བ་ཡོད་པའི་སྐབས་སུ། ཚོར་བ་དེས་ང་ཚོའི་སེམས་ཁམས་ལ་ཤུགས་རྐྱེན་ཐེབས་ཚུལ་ཡང་མཐོང་ཆོས་ཡིན། ད་དུང་ང་ཚོའི་བསམ་སྦྱོར་གཉིས་ལ་བརྩེ་བ་དང་སྙིང་རྗེའི་རང་བཞིན་ཡོད་ན། འཕྲོད་བསྟེན་དང་བདེ་ཐང་སོགས་ཀྱི་ངོས་ནས་བཤད་ན་ཡང་། ང་ཚོའི་གཟུགས་པོའི་གྲུབ་ལུགས་དང་ཡང་ཤིན་ཏུ་མཐུན་ཆེ་བ་ཞིག་ཡིན། ང་ཚོའི་བསམ་སྦྱོར་གཉིས་དེ་ལས་ལྡོག་ན་རང་གི་འཕྲོད་བསྟེན་ལ་གནོད་པ་ཆེ་བའང་གསལ་པོ་ཡིན། རྒྱུ་མཚན་འདི་དག་ལ་བརྟེན་ནས། ང་ཚོས་འགྲོ་བ་མིའི་རང་བཞིན་ནི་ཞི་དུལ་ཅན་ཡིན་པར་རྗེས་སུ་དཔོག་ཐུབ། དེའི་ཕྱིར། ང་ཚོས་རང་གི་གཞི་རྩའི་རང་བཞིན་དང་མཐུན་པའི་འཚོ་བ་སྐྱེལ་སྟངས་ཤིག་དང་དུ་ལེན་རྒྱུ་ནི་རྒྱུ་མཚན་དང་ལྡན་པ་ཞིག་ཡིན།
དེ་ལྟར་ཡིན་ཀྱང་། ང་ཚོས་རང་གི་སེམས་དང་ཁྱིམ་ཚང་གི་ནང་དུ་དཀའ་རྙོག་མང་པོ་ཞིག་ཡོད་པ་མཐོང་ཞིང་། ད་དུང་སྤྱི་ཚོགས་ཀྱི་རིམ་པ་དང་། རྒྱལ་ཁབ་ཀྱི་རིམ་པ། རྒྱལ་སྤྱིའི་རིམ་པ་སོགས་སུའང་ང་ཚོས་གཞན་དང་འབྲེལ་འདྲིས་བྱེད་སྐབས་འགལ་ཟླ་དང་དཀའ་རྙོག་མང་པོ་ཞིག་ཡོད། ང་ཚོས་དེ་དག་ལ་ཇི་ལྟར་འགྲེལ་བཤད་བྱེད་དམ།
ང་རང་གིས་བལྟས་ན། དཀའ་རྙོག་འདིའི་རྒྱུ་རྐྱེན་གཅིག་ནི། ང་ཚོའི་འཆར་སྒོའི་ནུས་པ་སྟེ། ང་ཚོའི་རྣམ་དཔྱོད་དེ་རེད། དཀའ་རྙོག་དེའི་རིགས་སེལ་བར་བྱེད་མཁན་ཡང་ང་ཚོའི་རྣམ་དཔྱོད་ཆགས་ཡོད་པས། འགྲོ་བ་མིའི་རྣམ་དཔྱོད་དེ་འགྲོ་བ་མིའི་རྣམ་དཔྱོད་ཀྱིས་བསྐྲུན་པའི་དཀའ་རྙོག་སེལ་བར་བེད་སྤྱོད་གཏོང་བའི་ཁྲོད་དུ། ང་ཚོའི་སྙིང་རྗེ་ནི། མཐུན་རྐྱེན་གལ་ཆེན་ཞིག་ཆགས་ཡོད། ང་རང་གི་ལྟ་ཚུལ་ལ། ང་ཚོས་དངོས་ཡོད་གནས་ཚུལ་ལ་བསམ་གཞིག་བྱས་ན། ཐ་ན། མི་སྒེར་བྱེ་བྲག་པ་ཞིག་ཡིན་ན་ཡང་། དཀའ་རྙོག་སེལ་བའི་ལམ་ཁ་ཡག་ཤོས་ནི་རང་གི་སེམས་ཁམས་སྙོམ་སྒྲིག་བྱ་རྒྱུ་དེ་ཡིན་པ་ཧ་ཅང་གསལ་པོ་ཡིན། སེམས་ཁམས་སྙོམ་སྒྲིག་ནི་དེ་ལྟ་བུའི་སྙིང་རྗེ་དང་འབྲེལ་བ་ཟབ་མོ་ཡོད།
སྙིང་རྗེ་ཡི་ཆ་ཤས་གཅིག་ནི། གཞན་གྱི་ཐོབ་ཐང་དང་ལྟ་ཚུལ་ལ་བརྩི་མཐོང་བྱ་རྒྱུ་དེ་རེད། འདི་ནི་འདུམ་འགྲིག་ཡོང་བའི་གཞི་རྩ་ཡིན། ང་རང་གིས་བལྟས་ན། གང་ཟག་ཅིག་གིས་དེའི་སྐོར་ཤེས་མ་ཤེས་གང་ཡིན་ཀྱང་། ཁོ་ལ་སྙིང་རྗེ་རྨང་གཞི་བྱས་པའི་འགྲོ་བ་མིའི་འདུམ་འགྲིག་གི་བསམ་བློ་དེ་ཡོད་ན། དེས་སོ་སོར་ཤུགས་རྐྱེན་ཟབ་མོ་ཐེབས་ཀྱི་ཡོད། དེ་ལྟ་བས་ན། འགྲོ་བ་མིའི་ལྷན་སྐྱེས་ཀྱི་རང་བཞིན་དེ་ཞི་དུལ་ཅན་ཡིན་པའི་རྒྱུ་མཚན་ལ་བསམས་ན། ང་ཚོས་དྲག་སྤྱོད་དང་དཀའ་སྡུག་ཅི་འདྲ་མང་པོ་མྱངས་ཡོད་ནའང་། དེ་དག་སེལ་ཐབས་ལམ་ཡགཤོས་ནི། འགྲོ་བ་མིའི་གཞི་རྩའི་ཚོར་བ་དང་བརྩེ་བ་སོགས་ཆགས་ཡོད། འགྲོ་བ་མིའི་བྱམས་བརྩེའམ་སྙིང་རྗེ་ནི། ཆོས་ལུགས་གཅིག་པུའི་གནད་དོན་ཞིག་མ་ཡིན་པར། ང་ཚོའི་ཉི་མ་རེ་རེའི་འཚོ་བའི་ཁྲོད་དུའང་མེད་ཐབས་བྲལ་བ་ཞིག་ཡིན། ང་ཚོས་རྒྱུ་མཚན་འདི་དག་གཞི་རུ་བཟུང་སྟེ། བཟོད་པའི་ཉམས་ལེན་ལ་བལྟས་ན། དེ་ལ་དངོས་གནས་རིན་ཐང་ཆེན་པོ་ཡོད། དཀའ་ངལ་ཇི་ཙམ་ཆེ་མིན་ལ་མ་ལྟོས་པར། བཟོད་པ་ཉམས་སུ་ལེན་པ་འདི་ལ་རིན་ཐང་ཧ་ཅང་ཆེན་པོ་ཡོད།
(ཁོང་ཁྲོ་བཅོས་ཐབས། ནང་པའི་བཟོད་སྒོམ་གྱི་ནུས་སྟོབས་ཞེས་པ་ལས་བཏུས།)