སྙིང་རྗེ་ནི་གཞན་ལ་འཚེ་བ་དང་། གནོད་པའམ་རྒོལ་བ་མི་བྱེད་པའི་བློ་ཞིག་ཡིན་པར་བརྗོད་ཆོག་པས། སྙིང་རྗེ་དང་ཆགས་པའི་སེམས་གཉིས་ཕན་ཚུན་འཁྲུལ་བའི་ཉེན་ཁ་ཞིག་ཡོད། དེའི་ཕྱིར། བརྩེ་བ་དང་སྙིང་རྗེ་ལ་རིགས་གཉིས་ཡོད་ཅིང་། རིགས་གཅིག་ལ་ཆགས་པའི་ཆ་འདྲེས་པའམ། ཡང་ན། ཆགས་པ་རྨང་གཞིར་གྱུར་པའི་སྙིང་རྗེའི་རིགས་ཤིག་ཡིན། དེ་འདྲའི་སྙིང་རྗེ་དང་བརྩེ་བའི་བློ་ནི། ཉེ་རིང་གི་དབང་དུ་སོང་ཡོད་པ་ཞིག་ཡིན་ཞིང་། སྙིང་རྗེ་སྐྱེ་སའི་ཡུལ་དེ་རང་ཉིད་དགའ་ས་དང་ཆགས་ས་ཞིག་ཡིན་པའི་བསམ་བློའི་ཐོག་ནས་འབྱུང་གི་ཡོད། རིགས་གཞན་དེ་ནི་བཅོས་མིན་གྱི་སྙིང་རྗེའམ། ཡང་ན། ཉེ་རིང་གི་བློ་དེ་ལྟ་བུ་ལས་གྲོལ་བ་ཞིག་ཡིན། སྙིང་རྗེ་འདི་ལ། མི་འདི་ངའི་གྲོགས་པོ་ཡིན། མི་འདི་ང་དགའ་ས་ཞིག་ཡིན། མི་འདི་ང་ལ་འབྲེལ་བ་ཡོད་སྙམ་པའི་ཀུན་སློང་ཞིག་མེད། ད་དུང་། ལྷད་མེད་ཀྱི་སྙིང་རྗེ་ནི། རང་ཉིད་ལ་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པའི་བློ་ཞིག་ཡོད་པ་ཇི་བཞིན། སེམས་ཅན་གཞན་ལའང་བློ་དེ་གཅིག་མཚུངས་སུ་ཡོད་ལ། གཞི་རྩའི་མངོན་འདོད་དེ་སྒྲུབ་པའི་ཐོབ་ཐང་ཡང་ཚང་མར་གཅིག་མཚུངས་སུ་ཡོད་པའི་བསམ་བློའི་འཁྱེར་སོ་ལ་བརྟེན་ནས་འབྱུང་གི་ཡོད། ང་ཚོས་འདྲ་མཉམ་དང་ཐུན་མོང་གི་ངོ་བོ་འདི་ངོས་འཛིན་གྱིས་སེམས་ཅན་ཐམས་ཅད་ལ་མཛའ་འབྲེལ་དང་ཉེ་འཛིན་གྱི་བློ་ཞིག་སྐྱེད་ཐུབ་ཅིང་། དེའི་ཐོག་ནས་བྱམས་པ་དང་སྙིང་རྗེ་བསྐྱེད་ན། དེ་ནི་ལྷད་མེད་པ་ཞིག་ཡིན། དེ་བཞིན། ཤེས་རབ་ཀྱིས་སྙིང་རྗེ་ལ་གྲོགས་བྱེད་ཀྱི་ཡོད་པས། སྙིང་རྗེ་ཤུགས་ཆེན་པོ་ཞིག་དང་ཟབ་མོ་ཞིག་སྐྱེ་བར་ཤེས་རབ་ཀྱིས་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་གསལ་པོ་ཡིན།
(ཁོང་ཁྲོ་བཅོས་ཐབས། ནང་པའི་བཟོད་སྒོམ་གྱི་ནུས་སྟོབས་ཞེས་པ་ལས་བཏུས།)