རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
  • འཕྲིན་གསར།

བཀའ་ཤག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་བརྟན་བཞུགས་བསྟར་འབུལ་ཞུས་པ། July 5, 2025

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༥ ཉིན་སྔ་དྲོ་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད། 

དེ་ཡང་སྔ་དྲོ་ཆུ་ཚོད་༩།༤༠ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་སྐབས་ཕོ་བྲང་རྒྱལ་སྒོ་རུ་རྣམ་གྲྭའི་དགེ་འདུན་པ་རྣམས་ཀྱིས་སེར་སྦྲེང་དང་། བོད་ཀྱི་ཟློས་གར་ཚོགས་པས་ཕེབས་བརྡ་རོལ་ཆ་འབུལ་བཞིན་པར་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་། སྤྱི་འཐུས་ཚོགས་གཙོ་མཆོག སྲིད་སྐྱོང་མཆོག་བཅས་ཀྱིས་སྤོས་སྣེ་དང་། རྣམ་གྲྭའི་སྤྱན་རྒྱ་སྤོས་འཛིན་གྱིས་མདུན་བསུས་ཏེ་བརྟན་བཞུགས་ཀྱི་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་འཁོན་རིགས་བསྟན་པའི་མངའ་བདག་༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་མཇལ་དར་རྐྱལ་འབུལ་ཞུས་ཤིང་། ཚོགས་མང་ནས་ཞལ་འདོན་རྒྱུན་ཆགས་གསུམ་པ་དང་། ༸རྒྱལ་བའི་འཁྲུངས་རབས་གསོལ་འདེབས། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས། གུ་རུའི་ཐུགས་དམ་གནད་སྐུལ་སོགས་གསུང་བཞིན་པར་གསོལ་ཇ་དང་འབྲས་སིལ་རིམ་པར་ཕེབས།

བརྟན་བཞུགས་ཀྱི་ཐོག་མར་བསུན་བཟློག་གི་ཆོ་ག་ལ་རོལ་མོ་བྱིན་འབེབས་སྐབས་མཁའ་འགྲོ་མ་རྣམས་གར་སྟབས་བཅས་ནང་དུ་བཏང་སྟེ་སོ་སོའི་མདོག་མཐུན་གྱི་དར་སྣེ་བཟུང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་ཁྲིའི་མདུན་དུ་འཁོད་པ་དང་། གནས་ཆུང་ཆོས་རྒྱལ་ཆེན་པོས་གཙོས་ཆོས་སྐྱོང་སྤྱན་འདྲེན་གྱིས་ཞལ་འདོན་གྱི་ཚིག་དང་བསྟུན་ནས་དབུ་བཞུགས་༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་གིས་དར་སྣེ་གཅོད་འབྲེག་མཛད་རིམ་བཞིན་མཁའ་འགྲོ་མ་རྣམས་སྐུ་གླུད་ཀྱི་མདུན་དུ་འཁོད། ཡོན་བདག་ནས་སྐུ་གླུད་ལ་སྒྲོན་དར་དང་མཁའ་འགྲོ་མ་འཁོར་བཅས་ལ་ཡོན་དང་། དར། དཀར་སྤྲོ། ཚོགས་བཅས་ཕུལ།

བརྟན་བཞུགས་དངོས་གཞིར་སློབ་དཔོན་ལྷར་བསྐྱེད་སོགས་རིམ་བཞིན་གསུངས་ཏེ་རིག་འཛིན་རྒྱུད་བསྐུལ་གྱི་གསུང་ཚིག་ཐ་མ། འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ།། ཅེས་པའི་མཚམས་སུ་རྡོ་རྗེ་སློབ་དཔོན་སྐུ་བཞེངས་ཀྱིས་ཚེ་མདའ་ཕུལ་བ་དང་། ཚོགས་རོལ། དེ་ནས་༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་མཎྜལ་འདེགས་འབུལ་སྐབས་སུ་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་སྤྱི་འཐུས་ཚོགས་གཙོ། དཔལ་ལྡན་སྲིད་སྐྱོང་བཅས་རྣམ་པ་གསུམ་ནས་མཎྜལ་ཚོམ་བུ་ཟུར་བཏེགས་ཞུས་པ་དང་། ཚོམ་བུ་འབུལ་བཞེས་དང་སྐུ་རྟེན། གསུང་རྟེན། ཐུགས་རྟེན་སོགས་རིམ་པར་ཚིག་བསྟུན་གྱིས་འབུལ་བཞེས་ཀྱིས་དབུ་བཞུགས་རྡོར་སློབ་དང་བླ་ཆེན་དང་སྐུ་ཚབ་བླ་ཆེན་རྣམས་ཀྱིས་མཇལ་ཞུ་དང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མཎྜལ་འདེགས་འབུལ་དང་། འབུལ་དངོས་བསྟར། འབྲུག་རྒྱལ་ཁབ་ནས་ཕེབས་པའི་གཞས་པ་གཞས་མ་སྐོར་ཁག་གཅིག་ནས་བསྟོད་གླུའི་མཆོད་པ་ཕུལ་རྗེས་མགོན་པོ་མཆོག་གིས་བཀའ་སློབ་སྩལ་དོན།  

དེ་རིང་འདིར་ལྷ་སྡེ་མི་སྡེ་ཡོངས་རྫོགས་ཀྱི་ཚབ་བྱས་ཏེ་ངོས་ལ་ཆོས་ཀྱི་རྟེན་འབྲེལ་བསྒྲིགས་ནས་ཁྱོད་ཚོ་ཚང་མས་ཁ་ཞེ་གཉིས་མེད་ཀྱིས་སྨོན་ལམ་བརྒྱབ་པ་རེད། ངོས་ལ་ཆ་བཞག་ན་འཕགས་པ་སྤྱན་རས་གཟིགས་དང་འབྲེལ་བ་ཡོད་པ་ཧ་ཅང་གསལ་པོ་རེད། ཆུང་ཆུང་སྐབས་ནས་སྤྱན་རས་གཟིགས་ལ་འབྲེལ་བ་ཡོད་པ་གསལ་པོ་ཡོད།  ངོས་ཀྱི་མི་ཚེ་འདི་ག་ཚོད་རིང་བའི་ཚོད་ཀྱིས་བོད་ཀྱི་བསྟན་སྲིད་ལ་ཕན་ཐོགས་ཡོང་ཐུབ་པ་ནི་མངོན་སུམ་ཚད་གྲུབ་རེད། དེར་བརྟེན། ངོས་ཀྱི་མི་ཚེ་གང་ལ་གང་འཚམ་ཕྱིན་པ་དེའི་འཕྲོས་ལོ་བརྒྱ་དང་སུམ་ཅུ་སོ་གྲངས་ཤིག་སྡོད་པར་རེ་བ་རྒྱག་བཞིན་ཡོད། 

སྔ་མོ་རྒྱ་ནག་ཏུ་མའོ་ཙེ་ཏུང་ལ་ཐུག་པ་རེད། མའོ་ཙེ་ཏུང་གིས་སྡང་མིག་ལྟ་བུ་བལྟས་ཏེ་ཆོས་ཟེར་བ་ནི་དུག་རེད་ཅེས་བརྗོད་ཀྱི་འདུག  ངོས་ནས་ལན་གང་ཡང་མ་བརྒྱབ། སྙིང་རྗེ་སྐྱེས་བྱུང་མ་གཏོགས་ཁོང་ཁྲོ་ཟ་རྒྱུ་མ་བྱུང་། དེ་ནས་ནེ་ཧ་རུ་དང་ཐུག་པ་རེད། ཧ་ཅང་དགའ་མོས་བྱེད་ཀྱི་འདུག དེ་དང་དེས་མཚོན་པའི་ངོས་ཀྱི་མི་ཚེའི་ནང་དུ་ཆོས་ལ་དོ་སྣང་ཡོད་མཁན་དང་། དམིགས་བསལ་དོ་སྣང་མེད་མཁན། ཆོས་ལ་སྐྱོན་དུ་ལྟ་མཁན་སོགས་མི་སྣ་མང་པོར་ཐུག་ཡོད། གང་ལྟར་ཁམས་དང་མོས་པ་སྣ་ཚོགས་ཡིན་པ་ནི་དེ་བཞིན་གཤེགས་པའི་བཀའ་དང་། མདོ་སྡེ་དུ་མ་རུ་གསུངས་ཡོད་པ་རེད། དེར་བརྟེན། ཁམས་དང་མོས་པ་ཐ་དད་པའི་ཐོག་ནས་བསམ་བློ་མི་འདྲ་བ་ཡོང་སྡོད་པ་ནི་ཆོས་ཉིད་རེད། 

ཁམས་དང་མོས་པ་སྣ་ཚོགས་པ་དེ་དང་མཐུན་པའི་སྡུག་བསྔལ་སེལ་བ་དང་། བདེ་བ་སྒྲུབ་པའི་ཐབས་ལམ་ཞིག་ཡོད་ན་ཀུན་ལ་དགོས་པ་དེ་རེད། ཆོས་མེད་མཁན་གྱི་མི་ཡིན་ནའང་སྡུག་བསྔལ་སེལ་བ་དང་བདེ་བ་སྒྲུབ་པ་ལ་དོ་སྣང་བྱེད་བཞིན་ཡོད། དེང་སང་གི་ཚན་རིག་པའི་ཐོག་ནས་བཤད་ན་ཆོས་ཀྱི་སྐད་ཆ་མེད་ཀྱང་། སྡུག་བསྔལ་སེལ་བ་དང་བདེ་བ་སྒྲུབ་པ་ལ་འབད་བརྩོན་སྣ་ཚོགས་བྱེད་བཞིན་ཡོད། གཞན་བདེ་ཁྱད་དུ་བསད་པའི་ཐོག་ནས་རང་གི་སྐྱིད་སྡུག་སྒྲུབ་པ་དང་སེལ་བ་བྱེད་བཞིན་ཡོད། གང་ལྟར་ང་ཚོ་འཛམ་གླིང་འདིའི་སྟེང་གི་མི་རྣམས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཤ་སྟག་རེད། ང་ཚོ་བོད་མིར་ཆ་བཞག་ན་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཤ་སྟག་རེད། ང་ཚོའི་བོད་ལ་ལོ་འདིའི་རིང་ཇོ་བོ་ཡིད་བཞིན་ནོར་བུ་དང་། ལྷ་སའི་ལོ་ཀེ་ཤྭ་ར་སོགས་ལ་གསོལ་བ་བཏབ་ནས་སྨོན་ལམ་རྒྱག་བཞིན་ཡོད་ཀྱང་། ང་ཚོ་ཐུན་མོང་གི་ལས་འབྲས་ཀྱི་ཐོག་རེད། ངོས་རང་ལ་ཆ་བཞག་ན་བོད་ལུང་པ་དང་ཁ་བྲལ་དགོས་པའི་གནས་ཚུལ་ཆགས་པ་རེད། ཡིན་ནའང་། ལུས་པོ་ཁ་བྲལ་བ་ཙམ་མ་གཏོགས་བསམ་བློར་འཕགས་པ་ལོ་ཀེ་ཤྭ་ར་སེམས་ཀྱི་གཏིང་ལ་བསྟེན་སྡོད་ཀྱི་ཡོད།  ང་ཚོ་ཚང་མ་འཕགས་པ་ལོ་ཀེ་ཤྭ་རེའི་རྗེས་སུ་འབྲངས་ནས་ཡོད་པ་ཚང་མས་ཤེས་གསལ་རེད།  ངོས་རང་ལ་མཚོན་ན་འཕགས་པ་ལོ་ཀེ་ཤྭ་རེའི་རྗེས་སུ་བཟུང་བའི་མཚན་མ་བརྟན་པོ་འདུག 

གཙོ་བོ་ངོས་ཀྱིས་བྱང་ཆུབ་ཀྱི་སེམས་སྒོམ་བཞིན་ཡོད་པ་རེད། ཞོགས་པའི་གཉིད་སད་པ་དང་། རང་གཞན་དོན་ནི་རབ་སྒྲུབ་ཕྱིར།། བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི།། ཞེས་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་གཏོང་གི་ཡོད། སེམས་དེས་ཟིན་པའི་ངོས་དང་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་ཡོད་པ་སྲོག་ཆགས་དུད་འགྲོ་ཚུན་ཆད་ལ་ཕན་ཐོགས་བྱེད་ཐུབ་པ་ཞིག་ཡོང་བ་ཤོག ཅེས་སྨོན་ལམ་རྒྱག་བཞིན་ཡོད། འཕགས་པ་སྤྱན་རས་གཟིགས་ངོས་ཀྱི་སྤྱི་བོ་ལ་ཡོད་ཡོད་པ་རེད་ལ། འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་རླབས་མཐོང་ཆོས་ལ་ཡོང་གི་ཡོད་བསམ་པའི་ཡིད་ཆེས་ཡོད། དེ་རིང་འདིར་བརྟན་བཞུགས་གནང་བ་རེད། ཁྱོད་ཚོ་ཚང་མས་ལྷག་བསམ་རྩེ་གཅིག་པ་ཧ་ཅང་ཡག་པོ་རེད། དགྲ་བོ་གུང་ཁྲན་ཏང་གིས་གསར་བརྗེ་ལངས་པའི་སྐབས་སུའང་སེམས་ཤུགས་གཅིག་སྒྲིལ་གྱི་ཐོག་ནས་ལས་དོན་བསྒྲུབས་པ་ལ་ནུས་པ་འདུག ང་ཚོས་ཀྱང་དེ་དེ་བཞིན་དུ་སངས་རྒྱས་པའི་ཆོས་ལ་དད་པ། ཡང་སྒོས་འཕགས་པ་སྤྱན་རས་གཟིགས་ལ་དད་པ་རྩེ་གཅིག་བྱས་ཏེ། དེ་ལྟ་བུའི་བློ་རྩེ་གཅིག་པའི་ཐོག་ནས་ཡིད་ཆེས་དང་གསོལ་འདེབས་བྱེད་ཡོང་སྐབས་དེ་ལ་དཔག་པའི་ནུས་པ་ཞིག་ཏན་ཏན་ཐོན་ཡོང་གི་རེད། ངོས་ནས་ཀྱང་སྨོན་ལམ་དེ་བརྒྱབ། 

ངོས་རང་ལ་ཆ་བཞག་ན་མདོ་སྨད་ནས་ཡར་སླེབས་པ་རེད། ལུང་བསྟན་ཁག་སོགས་ལ་བལྟས་ཡོང་སྐབས་ངོས་རང་འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་རླབས་ཡོད་པའི་གནས་ཚུལ་གསལ་པོ་འདུག ད་ལྟའི་བར་དུ་ཧུར་ཐག་བྱས་པ་ཡིན། ད་དུང་ཡང་ཉུང་ཤོས་ལའང་ལོ་སུམ་ཅུ་བཞི་བཅུ་རིང་སྡོད་ཐུབ་པ་ཞིག་དང་། ད་ལྟའི་བར་དུ་སྨོན་ལམ་བརྒྱབ་པ་དང་། སྨོན་ལམ་བརྒྱབ་པ་ནང་བཞིན་དོན་དག་ཆ་ཚང་འགྲུབ་པ་རེད། ལུང་པ་བྲལ་ཡང་རྒྱ་གར་ལུང་པར་བསྡད་ནས་བསྟན་པ་དང་འགྲོ་བའི་དོན་ལ་གང་འཚམ་གྱིས་ཕན་ཐོགས་བྱེད་ཐུབ་ཀྱི་འདུག ད་དུང་ང་ཚོ་འདིར་རྡ་རམ་ས་ལར་རྒྱ་གར་ཤར་བྱང་གི་ས་ཆ་འདིར་བསྡད་ནས་བསྟན་པ་དང་འགྲོ་བའི་དོན་དུ་ཞབས་འདེགས་གང་འགྲུབ་ཅིག་ད་དུང་མུ་མཐུད་ནས་བྱེད་པར་བསམ་བློ་གཏོང་གི་ཡོད། འཕགས་པ་སྤྱན་རས་གཟིགས་རྟག་ཏུ་སྤྱི་བོ་ལ་སྒོམ་ནས་སྤྱན་རས་གཟིགས་མཁྱེན་བསམ་ནས་འགྲོ་བཞིན་ཡོད། ཁྱོད་ཚོས་ཀྱང་དེ་དེ་བཞིན་འཕགས་པ་སྤྱན་རས་གཟིགས་མཁྱེན་བསམ་པ་བྱས་ཏེ་གསོལ་འདེབས་ཡག་པོ་བྱས།  ཆོས་ཀྱི་སྙིང་པོ་བྱང་ཆུབ་ཀྱི་སེམས་རེད། ང་ཚོ་ཚང་མས། རང་གཞན་དོན་ནི་རབ་སྒྲུབ་ཕྱིར།། བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི།། ཞེས་པར་བསམ་བློ་ཡག་པོ་ཞིག་གཏོང་། དེ་ཡིན། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་སྩལ་བ་དང་། 

མཐར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཏང་རག་མཎྜལ་འདེགས་འབུལ་དང་། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་དང་སྤྱི་འཐུས་ཚོགས་གཞོན་མཆོག ཁྲིམས་ཞིབ་པ་གཞན་གཉིས། བཀའ་བློན་རྣམ་པ། རང་དབང་ཅན་གྱི་འགན་འཛིན་རྣམ་པ། སྤྱི་འཐུས་རྒྱུན་ལས་བཅས་ནས་མཇལ་ཁ་དང་འབྲེལ། མགོན་པོ་མཆོག་གི་ཞབས་བརྟན་གསོལ་འདེབས་དང་། ཉི་གཞོན་འཆར་ཁ་མ། ཐུབ་བསྟན་རིས་མེད་རྒྱས་པའི་སྨོན་ལམ། བསྟན་འབར་མ། མཆོག་གསུམ་ཤིས་བརྗོད་བཅས་གསུང་མཐར་ཀ་ཁྲི་སྒྲོགས། བདེན་ཚིག་སྨོན་ལམ་བཅས་གསུངས་ཏེ་བརྟན་བཞུགས་མཛད་སྒོ་ལེགས་པར་གྲུབ་ཡོད། 

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུ་ལོ་དགུ་བཅུ་བཞེས་པའི་གོ་སྟོན་དང་འབྲེལ་བའི་བརྟན་བཞུགས་འདི་ནི་དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གསང་གསུམ་ལ་ཚུལ་བསྟན་མི་ཤིས་པའི་མཚན་མའི་རིགས་ཕྲ་མོ་ཙམ་ཡང་གཞར་ཡང་མི་བཞེས་ཤིང་། བསྟན་འགྲོ་སྤྱི་དང་བྱེ་བྲག་ཁ་བ་གངས་ཅན་པའི་ལྗོངས་ཀྱི་མགོན་དཔུང་དམ་པར་༸ཞབས་པད་མི་འགྱུར་རྡེ་རྗེ་ཆོས་བདུན་གྱི་ངོ་བོར་བརྟན་ཞིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་ཕྱིར། ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༡ ནས་ ༤ བར་ཉིན་གྲངས་བཞིའི་རིང་འཁོན་རིགས་བསྟན་པའི་མངའ་བདག་༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དང་། རྣམ་གྲྭའི་སློབ་དཔོན་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་ཆོག་གྲྭ་དགེ་འདུན་ཞལ་གྲངས་ཞེ་ལྔས་སྐུ་ཚེ་ཚེ་སྒྲུབ་དང་། དེ་རིང་བོད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་བླ་ཆེན་བསྟན་བདག་རྣམ་པས་དབུས། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། སྤྱི་འཐུས་རྒྱུན་ལས། རྒྱ་གར་དབུས་གཞུང་གི་གྲོས་ཚོགས་ལས་དོན་བློན་ཆེན་སྐུ་ཞབས་ཀིར་ཎ་རི་ཇི་ཇུ་(Kiren Rijiju) མཆོག་དང་།  ཨ་རི་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག འབྲས་ལྗོངས་མངའ་སྡེའི་ཆོས་རིག་བློན་ཆེན་བསོད་ནམས་བླ་མ་མཆོག  ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་རི་ཆཏ་གྟེར་ལགས་སོགས་ཀྱིས་གཙོས་དད་ལྡན་སེར་སྟོང་ཕྲག་གིས་བརྟན་བཞུགས་མཛད་སྒོ་བསྐྱངས་ཡོད་པ་རེད། 

  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།