རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
  • འཕྲིན་གསར།

ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ། June 4, 2025

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༤ ཉིན་སྔ་དྲོ་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྡོར་གླིང་གཏན་སློབ་ཀྱི་སློབ་ཟུར་ཚོགས་པ་དང་། ནེའུ་ཡོག་དང་ནེའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པ། མི་ནི་སོ་ཊ་ཨ་རི་བོད་མིའི་སྤྱི་མཐུན་ཚོགས་པ་བཅས་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད། 

དེ་ཡང་རྡོར་གླིང་གཏན་སློབ་ཀྱི་སློབ་ཟུར་ཚོགས་པ་དང་། ནེའུ་ཡོག་དང་ནེའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པ། མི་ནི་སོ་ཊ་ཨ་རི་བོད་མིའི་སྤྱི་མཐུན་ཚོགས་པ་བཅས་ནས་ཇི་ལྟར་སྔོན་ནས་གསོལ་བ་བཏབ་པ་ལྟར་༸གོང་ས་ལྔ་པ་ཆེན་པོའི་དག་སྣང་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་བརྟན་བཞུགས་འབུལ་རྒྱུར་ཟམ་གདོང་རིན་པོ་ཆེ་དབུ་བཞུགས་ཐོག། རྣམ་རྒྱལ་གྲྭ་ཚང་དང་བསྙེན་མཚམས་པ་སོགས་ནས་ཉིན་བཞིའི་རིང་སྐུའི་ཚེ་སྒྲུབ་སྔོན་བཏང་གིས་སྔ་དྲོ་ཆུ་ཚོད་ ༨།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་རྣམ་གྲྭའི་སྤྱན་རྒྱ་སྤོས་འཛིན་དང་། བརྟན་བཞུགས་སྦྱིན་བདག་ཁག་གསུམ་གྱི་འཐུས་ཚབ་མི་དྲུག་ནས་སྤོས་སྣེ། བོད་ཀྱི་ཟློས་གར་ཚོགས་པ་ནས་རུ་སྒྲིག་དང་བཀྲ་ཤིས་ཞོལ་པས་ཕེབས་བསུ་གཟབ་རྒྱས་ཐོག་གཙུག་ལག་ཁང་དུ་གདན་ཞུ་ཞུས་པ་དང་། 

མགོན་པོ་གང་ཉིད་མཆོག་གཙུག་ལག་ཁང་གི་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་མཇལ་དར་རྐྱང་འབུལ་དང་། བརྟན་བཞུགས་ཀྱི་ཆོ་གའི་ཞལ་འདོན་རིམ་པར་གསུངས་ཤིང་། དངོས་གཞི་བླ་མ་ལྷར་བསྐྱེད་ནས་བཟུང་ཞལ་འདོན་ཐར་ཆགས་སུ་གསུངས་ཏེ་ཚེ་འགུགས་རྗེས་ཚེ་མདའ་འབུལ་བཞེས་གནང་། གསོལ་འདེབས་མཎྜལ་སྐབས་དབུ་བཞུགས་སློབ་དཔོན་ཟམ་གདོང་རིན་པོ་ཆེ་ནས་མཎྜལ་ཚོམ་བུ་འདེགས་འབུལ་སྐབས། སྦྱིན་བདག་ཁག་གསུམ་གྱི་འཐུས་ཚབ་མི་གསུམ་ནས་རམ་འདེེགས་དང་། རྡོར་སློབ་ནས་ཞལ་འདོན་ཚིག་བསྟུན་གྱིས་ཚེ་བུམ་དང་། ཚེ་ཆང་། ཚེ་རིལ་སོགས་འབུལ་ལམ་ཞུས་པ་དང་། མཐར་ཀེའུ་ཚང་རིན་པོ་ཆེ་མཆོག་གིས་གཏང་རག་མཎྜལ་འདེགས་འབུལ་ཞུས་པ་སོགས་བརྟན་བཞུགས་དངོས་གཞི་གྲུབ་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། 

རྡོར་གླིང་གཏན་སློབ་ཀྱི་སློབ་ཟུར་ཚོགས་པ་དང་།  ནེའུ་ཡོག་དང་ནེའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པ། མི་ནི་སོ་ཊ་བོད་མིའི་སྤྱི་མཐུན་ཚོགས་པ་གསུམ་གྱིས་བརྟན་བཞུགས་བཏོན་པ་རེད། ངོས་རང་ཟི་ལིང་དུ་སྐྱེས་ཤིང་ལྷ་སར་འབྱོར་བ་དང་། དགེ་བསྙེན་དང་དགེ་ཚུལ། མཐར་ཐུག་དགེ་སློང་བཅས་ལྷ་སའི་ཇོ་བོའི་སྐུ་མདུན་དུ་མཁན་པོ་དང་སློབ་དཔོན་ལ་ཡོངས་འཛིན་རྣམ་པ་གཉིས་དང་། རྟེན་གྱི་གཙོ་བོ་ཇོ་བོའི་སྐུ་བཞུགས་ནས་དགེ་ཚུལ་སློང་གི་སྡོམ་པ་བླངས་པ་ཡིན། 

མ་གཞི་ཁྱོད་རང་ཚོར་བཤད་ཡོད་པ་རེད། ལོ་ཤས་ཤིག་ངོས་ཀྱི་རྨི་ལམ་དུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དབུས་སུ་བཞུགས་པ་དང་། དེའི་མུར་གྲལ་ཡོད་པའི་ནང་དུ་ངོས་རང་བསྡད་འདུག བཅོམ་ལྡན་འདས་ཀྱིས་ངོས་རང་ཡར་ཤོག་གསུང་གི་འདུག གུས་ཞབས་ཆེན་པོ་བྱས་ཏེ་བཅོམ་ལྡན་འདས་ཀྱི་སྐུ་མདུན་ལ་བཅར་བ་དང་། བཅོམ་ལྡན་འདས་ཀྱི་དྲུང་དུ་སླེབས་སྐབས་བཅོམ་ལྡན་འདས་ཀྱིས་ངོས་ལ་བྱུག་བྱུག་གནང་སྟེ་ཧ་ཅང་འཆམ་པོ་གནང་སོང་། དེའི་ཚོར་བ་སེམས་ནང་ཧ་ཅང་ཤུགས་ཆེན་པོ་སླེབས་བསྡད་འདུག བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བས་གདུལ་བྱ་ལ་གཟིགས་བཞིན་པ་ཧ་ཅང་གསལ་བོ་བྱུང་། 

དེ་ནས་བཅོམ་ལྡན་འདས་ཀྱི་ངོས་ཀྱི་མགོ་ལ་བྱུག་བྱུག་གནང་བཞིན་ངོས་ཀྱིས་བསྟན་པ་རྒྱས་པའི་སྨོན་ལམ་བཏོན་པ་ཡིན། སེམས་ལ་བསྟན་པའི་ཞབས་འདེགས་བསྒྲུབ་བསམ་པ་བྱུང་། གང་ལྟར་བོད་གངས་ཅན་གྱི་ལྗོངས་ལ་ཡོད་པའི་སངས་རྒྱས་ཀྱི་བསྟན་པ་འདི་ཡོངས་རྫོགས་བསྟན་པའི་ཉིང་ཁུ་བསྡུས་ཡོད་པ་ཞིག་ཆགས་ཡོད། དེ་ལ་བསམ་བློ་ཞིག་འཁོར། བཅོམ་ལྡན་འདས་ཀྱིས་ངོས་ལ་ཧ་ཅང་འཆམ་པོ་གནང་བྱུང་། མགོ་ནས་མར་བྱུག་བྱུག་གནང་སྟེ་ཁྱེད་རང་གིས་སེམས་ཤུགས་བསྐྱེད་པ་དེ་འགྲིག་འདུག་ཅེས་བསྔགས་བརྗོད་ཆེན་པོ་གནང་བ་དང་། ངོས་རང་སེམས་ཧ་ཅང་དགའ་བོ་བྱུང་། བཅོམ་ལྡན་འདས་ལ་འབུལ་བ་ཕུལ་རྒྱུ་ག་རེ་ཡོད་ན་བསམས་ནས་ཨམ་ཕྲག་སྔོག་དུས་ཅོག་ལེ་ཌི་ཞིག་ལས་མེད་པས་བཀའ་དྲིན་གཏིང་རག་ཏུ་ཅོག་ལེ་ཌི་དེ་ཕུལ་བ་ཡིན། བཅོམ་ལྡན་འདས་ཀྱིས་ཧ་ཅང་མཉེས་པོ་གནང་གི་འདུག དེ་ལྟ་བུའི་རྨི་ལམ་དེ་ངོ་མཚར་སྐྱེས་པ་ཞིག་རེད། ངོས་རང་ནས་བཅོམ་ལྡན་འདས་ལ་དད་པ་རྩེ་གཅིག་ཡོད་ལ་བཅོམ་ལྡན་འདས་ཀྱིས་རྗེས་སུ་བཟུང་བའི་རྟགས་མཚན་འཆུག་པ་མེད་པ་ཞིིག་འདི་ལྟར་བྱུང་། 

བོད་ནས་རྒྱ་གར་དུ་སྤོས་ཡོང་བ་དང་། རྒྱ་གར་དུ་སླེབས་ནས་ས་ཁུལ་ཡས་མས་ཁ་ཤས་སུ་སླེབས་པ་རེད། དུས་ཚོད་མང་བ་རྒྱ་གར་ནུབ་བྱང་རྒྱུད་དང་། མ་གཞི་རྡོ་རྗེ་གདན་དུའང་ཆོས་བཤད་ནས་ཡག་པོ་བྱུང་། རྒྱ་གར་ནུབ་བྱང་དུ་རྒྱུད་གྲྭ་ཡོད་པ་རེད། དེར་བརྟེན། ཆོས་འཁོར་བསྐོར་བའི་གོ་སྐབས་ཧ་ཅང་ཡག་པོ་བྱུང་། ངོས་རང་ནས་ཡོངས་འཛིན་རྡོ་རྗེ་འཆང་གི་སྐུ་མདུན་ནས་དཔེ་ཆ་ཏོག་ཙམ་བལྟས་ཡོད་པའི་ཐོག་ནས་བསླབ་པ་གསུམ་གྱི་ཉམས་ལེན་དང་། གཤིས་རྒྱུད་འདུལ་ཐབས། དེའི་ཐོག་ནས་ས་ལམ་བགྲོད་ནས་རྣམ་མཁྱེན་རྒྱལ་བའི་གོ་འཕང་ཇི་ལྟར་ཐོབ་དགོས་མིན་ལ་སེམས་ལ་ངེས་པ་ཐོབ་ཡོད་པ་བྱས་ཏེ་དུས་ཚོད་བསྐྱལ་བ་ཡིན། 

སྔ་མོ་ངོས་རང་རྒྱ་ནག་པེ་ཅིང་དུ་ཡོད་པའི་སྐབས་སུ་མའོ་ཙེ་ཏུང་གིས་ངོས་ལ་ཧ་ཅང་དགའ་བོ་བྱེད་ཀྱི་ཡོད། མའོ་ཙེ་ཏུང་གིས་ངོས་ལ་ཚན་རིག་གི་ཐོག་ལ་དོ་སྣང་ཡོད་པ་ཧ་ཅང་ཡག་པོ་རེད། ཆོས་ཟེར་བ་ནི་དུག་རེད། ཅེས་ངོས་ལ་ཐད་ཀར་བཤད་སོང་། ངོས་ཀྱི་སེམས་ལ་མའོ་ཙེ་ཏུང་བསྟན་པའི་དགྲ་བོ་རེད་བསམ་པ་དྲན་ཡང་། ལན་གང་ཡང་མ་བརྒྱབ་པར་སྒམ་པོ་བྱས་ཏེ་བསྡད་པ་ཡིན། སེམས་གཏིང་ལ་བསྟན་པའི་དགྲ་བོ་རེད་འདུག་བསམ་སོང་། གང་ལྟར་རྒྱ་ནག་སྐོར་བ་དང་། དེ་ནས་རྒྱ་གར་དུ་ལོ་མང་པོར་བསྡད་པ་རེད། རྒྱ་གར་རང་དབང་ལུང་པའི་ནང་དུ་འཛམ་གླིང་གང་ས་ནས་ཡོང་བདེ་བོ་ཡིན་པས་མང་པོ་ཞིག་རྒྱ་གར་ལ་ཡོང་ནས་ང་ཚོས་མཉམ་དུ་སྐད་ཆ་བཤད་པ་སོགས་གང་ལ་གང་འཚམ་ངོས་ཀྱིས་ཞབས་འདེགས་སྒྲུབ་ཐུབ་ཡོད། 

ལྷག་པར་དུ་ཚན་རིག་པ་ཆོས་ལ་དད་པ་མེད་མཁན་དེ་འདྲས་ཀྱང་ཚན་རིག་དང་། སེམས་ཁམས་རིག་པའི་སྐོར་ནས་ངོས་ལ་དགའ་བོ་བྱས་ཏེ་ཐུག་འཕྲད་དུ་ཡོང་མཁན་མང་པོ་བྱུང་བ་རེད། དེ་དག་གིས་ཕན་ཐོགས་གང་ལ་གང་འཚམ་ཡོང་གི་འདུག ངོས་ཀྱིས་རྒྱ་གར་དུ་མི་ཚེ་འདི་ལྟར་བསྐྱལ་བ་རེད། གང་ལྟར་བསླབ་པ་གསུམ་གྱི་ཉམས་ལེན་དང་། གཙོ་ཆེ་ཤོས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ལ་ཉིན་རེ་བཞིན་དུ་ཉམས་ལེན་མཐིལ་དུ་བཟུང་ནས་བྱེད་བཞིན་ཡོད། བསྟན་པའི་ཞབས་འདེགས་སྒྲུབ་སྟངས་དེ་ལྟར་ཡིན། 

དེ་རིང་འདིར་སྐབས་སུ་བབ་པ་རྒྱ་གར་ནུབ་བྱང་ས་ཁུལ་འདིར་ང་ཚོ་རུབ་རུབ་བྱེད་རྒྱུ་བྱུང་བ་རེད། ངོས་ཀྱིས་བསྐྱར་བཟླས་ཡང་བཟླས་མང་པོ་ཞུ་རྒྱུ་མི་འདུག གང་ལྟར་ང་ཚོ་ཚང་མ་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་རེད། དེང་སང་བསྟན་པ་ཉམས་པའི་ཕྱོགས་སུ་འགྲོ་བཞིན་ཡོད་ཀྱང་། བསྟན་པ་སླར་གསོ་བྱེད་པའི་གོ་སྐབས་ཤིག་ཀྱང་སླེབས་ཀྱི་འདུག སྔ་མོ་ནང་པའི་ཆོས་མ་དར་སའི་ལུང་པ། ཆོས་ལ་ངོ་རྒོལ་བྱེད་མཁན་གྱིས་ཀྱང་ནང་པའི་ཆོས་ལ་དོ་སྣང་གསར་པ་ཞིག་སླེབས་བཞིན་འདུག ངོས་ཀྱིས་དེ་ཡི་ཐོག་ལ་ཞབས་འདེགས་ཕྲན་བུ་ཕྲན་བུ་སྒྲུབ་ཐུབ་ཀྱི་འདུག ང་ཚོ་ཚང་མར་མི་ལུས་ཐོབ་པའི་རིང་ལ་དཀའ་ངལ་མང་པོ་བརྒྱུད་པའི་འོག་བསྟན་པའི་ཞབས་འདེགས་སྒྲུབ་པའི་གོ་སྐབས་ཕྲན་བུ་ཕྲན་བུ་ཡོང་གི་ཡོད་པ་རེད། ངོས་རང་ནས་ཧུར་ཐག་འབད་ཐག་བྱེད་བཞིན་ཡོད། ཞོགས་པ་གཉིད་སད་པ་དང་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་སྒོམ་བཞིན་ཡོད། ཉིན་རེ་བཞིན་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བའི་ཐོག་ནས་མི་ལ་ཕན་ཐོགས་གང་འཚམ་ཡོང་ཐུབ་པ་ཤོག་བསམ་པའི་བསམ་བློའི་ཐོག་ནས་མི་ཚེ་སྐྱེལ་བཞིན་ཡོད། ཁྱོད་རང་ཚོས་ཀྱང་དེ་བཞིན་གྱིས། 

ཧམ་པ་བཤད་ན་འགྲིག་གི་མ་རེད་ལ། ཧམ་པ་རེད་ཀྱང་མ་རེད། ཁྱོད་ཚོ་ཚང་མ་ངོས་ཀྱི་སློབ་མ་ཆགས་ཡོད། དེར་བརྟེན། ངོས་ཀྱིས་ཇི་ལྟར་ཉམས་ལེན་བྱེད་བཞིན་པ་དང་། བསམ་བློ་ཇི་ལྟར་གཏོང་བཞིན་པའི་སྐོར་ལ་ཁྱོད་ཚོས་མཉམ་དུ་གོ་བསྡུར་དང་བགྲོ་གླེང་བྱས་ཏེ་ག་ཚོད་ཐུབ་ཐུབ་ཀྱིས་ངོས་ཀྱིས་སྟོང་ཉིད་ཀྱི་ལྟ་བ་དང་། བྱང་ཆུབ་ཀྱི་སེམས་སྒོམ་པའི་དམིགས་རྣམ་བསྐྱངས་ཚུལ་ལ་དཔེ་བླངས་ནས་ཉིན་རེ་བཞིན་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ག་ཚོད་ཐུབ་ཐུབ་ཀྱིས་ཡག་པོ་སྒོམ་ཤོག  བཀྲ་ཤིས་བདེ་ལེགས། ཐུགས་རྗེ་ཆེ། ཞེས་བཀའ་སློབ་སྩལ་རྗེས་བསྟན་པ་རྒྱས་པའི་སྨོན་ལམ་གསུང་འདོན་གནང་སྟེ་བརྟན་བཞུགས་གནང་སྒོ་ལེགས་པར་གྲུབ་ཡོད། 

  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།