རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
  • འཕྲིན་གསར།

བོད་ཀྱི་ཞོ་སྟོན་ཐེངས་ཉེར་བརྒྱད་པའི་འཁྲབ་སྟོན་པ་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་བ། May 10, 2025

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༥ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་ཞོ་སྟོན་ཐེངས་ ༢༨ པར་ཕེབས་པའི་ས་གནས་ཁག་བཅུ་གསུམ་གྱི་ལྷ་མོའི་འཁྲབ་སྟོན་པ་རྣམ་པ་དང་། བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་མི་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་ཡོད་པ་རེད།

དེ་ཡང་སྔ་དྲོའི་ཆུ་ཚོད་དགུ་པ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་ཆིབས་བསྒྱུར་གྱིས་ཞབས་སྟེགས་སུ་འཁོད་མཚམས། ཞོ་སྟོན་གོ་སྒྲིག་པས་༸གོང་ས་མཆོག་དགུང་གྲངས་དགུ་བཅུའི་གོ་སྟོན་རྟེན་འབྲེལ་སྐལ་བཟང་ལ། ཞོ་སྟོན་ཐེངས་ ༢༨ པར་ཕེབས་པའི་ས་གནས་ཁག་གི་སྐུ་ཚབ་ནས་གསུང་གདངས་འདྲ་མིན་བཀའ་བཞིན་སྒྲུབ་པའི་མཆོད་པའི་ཚུལ་དུ་འབུལ་རྒྱུར་སྙན་སེང་ཞུས་རྗེས། ཅོན་རྡ་ར་བོད་ཁྱིམ་ལྷ་མོ་ཚོགས་པ་དང་། རྡ་སྟེང་བོད་ཁྱིམ་ལྷ་མོ་ཚོགས་པ། མ་སུ་རི་བོད་ཁྱིམ་ལྷ་མོ་ཚོགས་པ། ཀོ་ལི་གྷལ་ལྷ་མོ་ཚོགས་པ། སྦེལ་ཀོབ་ལྷ་མོ་ཚོགས་པ། སྤོན་ཊ་ལྷ་མོ་ཚོགས་པ། མོན་གྷོ་ལྷ་མོ་ཚོགས་པ། སྦད་རྡ་ར་ལྷ་མོ་ཚོགས་པ། བྱང་ཨ་རིའི་ལྕགས་ཟམ་ལྷ་མོ་ཚོགས་པ། ཨོ་རི་ས་ལྷ་མོ་ཚོགས་པ། ཀ་ལོན་སྦུག་ལྷ་མོ་ཚོགས་པ། མན་སྤར་ལྷ་མོ་ཚོགས་པ། བལ་ཡུལ་བོད་ཀྱི་ལྷ་མོ་ཚོགས་པ། བོད་ཀྱི་ཟློས་གར་ཚོགས་པ་བཅས་ཀྱི་སྐུ་ཚབ་རྣམས་ནས་རིམ་པ་བཞིན་རྔོན་པའི་རྣམ་ཐར་དང་། རྒྱ་ལུ། ཐམས་ཅད་མཁྱེན་པ། གདོལ་བ། སྣང་ས། དྲང་སྲོང་། ལྷ་གསོལ། བཀྲ་ཤིས་སོགས་ཀྱི་གསུང་གདངས་བཏང་སྟེ་གཟིགས་འབུལ་ཞུས་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན།

ཁྱོད་ཚོས་འདིར་ཟློས་གར་པ་དང་འཁྲབ་གཞས་གཏོང་དུས་ངོས་ལ་ནོར་བུ་གླིང་གའི་ཚོར་བ་ཤུགས་ཆེན་པོ་འདུག ནོར་བུ་གླིང་གར་ངོས་ལ་གཟིམ་ཆུང་གསར་པ་ཞིག་བརྒྱབ་ཡོད་པ་རེད། ངོས་རང་དེར་བསྡད། མདུན་དུ་སྡིངས་ཆ་ཞིག་ཡོད་པའི་ནང་དུ་ལྷ་མོ་བ་རྒྱང་མཁར། གཅུང་པ། ཤངས་པ། སྐྱོར་མོ་ལུང་པ་བཅས་ནས་རྣམ་ཐར་གཏོང་བ་དང་འཁྲབ་སྟོན་བྱེད་སྐབས། ངོས་རང་གཟིམ་ཆུང་དུ་ཡོད་ཀྱང་ཁོ་ཚོས་འཁྲབ་སྟོན་བྱེད་དུས་ངོས་ཀྱང་རྣམ་འགྱུར་ལྟ་བུ་བྱས་ཏེ་སྡོད་ཀྱི་ཡོད། གང་ལྟར་དེ་དུས་ཧ་ཅང་སྐལ་བ་བཟང་པོ་ཞིག་བྱུང་ཡོད། ཕྱི་ལོ་ ༡༩༥༩ རྗེས་སུ་འགྱུར་བ་ཆེན་པོ་ཕྱིན་ཀྱང་། བོད་རྒྱ་ཆེའི་མི་མང་གི་ལྷག་བསམ་དང་ཞེན་ཁོག་ལ་འགྱུར་བ་ཁྱོན་ནས་མེད་པ་ཞིག་རེད། ངོས་རང་ལ་མཚོན་ནའང་༸རྒྱལ་བ་རིན་པོ་ཆེའི་མཚན་ཡོད་པས་ཕྱི་ལོ་ ༡༩༥༩ རྗེས་ནས་རྒྱ་གར་དུ་ཡུན་རིང་པོར་འདི་ལྟར་བསྡད་པ་རེད། ས་ཁུལ་གང་དུ་སླེབས་ཀྱང་ང་ཚོ་བོད་གངས་ཅན་པ་ཟེར་བའི་དོན་དག་དེ་ནམ་ཡང་བརྗེད་པ་མེད།

སྔར་ནས་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་ཆོས་རྒྱལ་ན་རིམ་གྱིས་ང་ཚོའི་རྟེན་གཞི་བཟུང་ནས་བསྡད་པ་རེད། དེར་བརྟེན། ངོས་ལ་༸རྒྱལ་དབང་གི་མིང་ཐོགས་ནས་བོད་བསྟན་སྲིད་ཀྱི་འགན་འཁུར་ལེན་གྱི་མིང་ཆགས་པ་རེད། མིང་དེ་འཁྱེར་བའི་ཐོག་ནས་རྒྱ་ནག་ཏུ་ཕྱིན་པ་དང་། མའོ་ཙེ་ཏུང་ལ་ཐུག་པ་ཡིན། སོ་སོའི་སེམས་ནང་དུ་ང་ཚོ་བོད་པ་ཡིན་བསམ་པའི་འཇིགས་སྐྲག་སྐྱེས་པ་དང་ཞུམ་པ་སྐྱེས་པ་ཁྱོན་ནས་མི་འདུག དངོས་ནས་ང་ཚོ་བོད་ཀྱི་ལ་རྒྱ་བརྟན་པོ་ཡོད་པ་ཧ་ཅང་གསལ་པོ་ཡོད། མའོ་ཙེ་ཏུང་ལ་ཐུག་པའི་སྐབས་སུ་ཁོས་ངོས་ལ་བསྟོད་པ་བྱེད་ཀྱི་རེད། ངོས་ནས་མའོ་ཙེ་ཏུང་ལ་བལྟས་ནས་ཡག་པོ་འདུག་ལབ་པ་མ་གཏོགས་ཁོ་ལ་སྤྲེལ་ལད་འཁྲབ་པ་གང་ཡང་མེད། ཚུར་མའོ་ཙེ་ཏུང་གིས་བོད་རིགས་ཚོ་སེམས་ཤུགས་ཆེན་པོ་ཡིན་པ་དང་། ལྷག་བསམ་བརྟན་པོ་ཡིན་པར་བཤད་སོང་། དེ་ལ་རེད་ཅེས་བརྗོད་པ་ཡིན།

གང་ལྟར་བོད་རྒྱ་ཆེའི་མི་མང་གིས་ལྷག་བསམ་དང་ཞེན་ཁོག་ལ་འགྱུར་བ་ཁྱོན་ནས་མེད་པ་ཞིག་རེད། ངོས་རང་རྒྱ་ནག་གི་ས་ཁུལ་དགའ་རབ་སླེབས་ཡོད་པ་རེད། མདོ་སྟོད་སྨད་ཀྱི་ས་ཁུལ་ཡང་ཁག་མང་པོར་སླེབས་པ་རེད། དེའི་ནང་དུ་བོད་རིགས་ཚོས་ངོས་རང་ལ་༸རྒྱལ་བ་རིན་པོ་ཆེའི་མིང་ཡོད་པས་དགའ་ཞེན་དང་། ལྷག་བསམ་འགྱུར་བ་མེད་པ་ཞིག་རེད། བོད་པ་ཚོ་བློ་ཧ་ཅང་བརྟན་པོ་རེད། བོད་པ་ཚོར་ཐུག་ནས་ཆོས་བཤད་དང་། བོད་མི་རིགས་ཀྱི་གནས་སྟངས་སྐོར་བཤད་དུས་ངོས་རང་སེམས་འགུལ་ཐེབས་ཀྱི་འདུག་ལ་བོད་པ་མང་པོ་ཞིག་གིས་མིག་ཆུ་གཏོང་གི་འདུག གང་ལྟར་དགའ་ཞེན་ནི་གཡོ་བ་མེད་པ་ཞིག་རེད། ང་ཚོ་བོད་པ་ཚོ་སོ་སོའི་མི་རིགས་ལ་དགའ་ཞེན་དང་། སངས་རྒྱས་པའི་ཆོས་ལ་དགའ་ཞེན། དེ་བཞིན་༸རྒྱལ་བ་རིན་པོ་ཆེ་ལ་དགའ་ཞེན་བྱེད་པ་བཅས་ནི་གཡོ་བ་མེད་པ་ཞིག་རེད། བསམ་བློ་དེ་ཧ་ཅང་མཁྲེགས་པོ་ཞིག་རེད། དེ་ཡིན་དགོས་པའང་རེད། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ནས་རྒྱ་ནག་དང་འབྲེལ་བ་དམིགས་བསལ་ཤུགས་ཆེན་པོ་ཡོད་ཀྱང་། ཆོས་རྒྱལ་ན་རིམ་སྐབས་ནས་བོད་པའི་ཞེན་ཁོག་ཧ་ཅང་བརྟན་པོ་རེད།

ངོས་ཀྱི་མི་ཐོག་འདིར་ངོས་རང་ཟི་ལིང་ནས་ཡར་ལྷ་སར་སླེབས་པ་རེད། བོད་རིགས་ཚོར་བསྟན་སྲིད་ཀྱི་ཤ་ཞེན་བཟློག་ཏུ་མེད་པ་ཧ་ལས་པ་རེད། དེ་ལྟ་བུའི་གནས་སྟངས་ཀྱི་འོག་ནས་ང་ཚོ་བཙན་བྱོལ་བ་ཆགས་པ་རེད། རྒྱ་གར་དུ་སླེབས་ནས་ཀྱང་ང་ཚོས་སེམས་ཤུགས་འདི་འཁྱེར་ཡོད། རྒྱ་གར་ཙམ་མ་ཡིན་པར་ཕྱིའི་རྒྱལ་ཁབ་གཞན་དག་ཏུ་ཡོད་པའི་བོད་རིགས་ཚང་མས་ང་ཚོ་བོད་པ་ཡིན་ཟེར་ནས་བོད་པའི་ཞེན་ཤ་ཚ་དེ་འཁྱེར་ཡོད། ལྷག་བསམ་དང་ཞེན་ཁོག་འགྱུར་བ་མེད་པ་རེད། གནས་སྟངས་འདིའི་འོག་ནས་བོད་ཀྱི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་རྒྱུ་ནི་བརྒྱ་ཆ་བརྒྱ་ཐམ་པ་ཐག་ཆོད་པ་རེད། བོད་པ་ཟེར་ནས་ནག་བསུབ་གཏོང་ཐུབ་པ་ཁྱོན་ནས་ཡོད་པ་མ་རེད།

ངོས་རང་ལ་ཆ་བཞག་ནའང་༸རྒྱལ་བ་རིན་པོ་ཆེའི་མིང་འཁྱེར་ནས་རིག་གཞུང་དང་། ཀླད་པའི་ཚན་རིག་སོགས་ཀྱི་ཐོག་ནས་འབྲེལ་བ་ཤུགས་ཆེན་པོ་བྱེད་བཞིན་ཡོད། ང་ཚོའི་ནང་པའི་གཞུང་དུ་སེམས་ཁམས་རིག་པའི་སྐོར་ཧ་ཅང་ཞིབ་ཚགས་པོ་ཡོད་པས་ང་ཚོས་ཚན་རིག་པར་ཕར་རོགས་རམ་བྱེད་ཐུབ་ཀྱི་འདུག དེ་དང་ཆབས་ཅིག་ཚན་རིག་པའི་རིག་པ་གསར་པའི་གྲས་ལ་ང་ཚོར་ཚུར་སློབ་སྦྱོང་བྱེད་པར་ཕན་ཐོགས་ཡོང་གི་འདུག དེར་བརྟེན། ངོས་ཀྱི་ཀླད་པ་འདིར་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བར་ཉམས་ལེན་བྱེད་རྒྱུ་གཙོ་བོ་རེད། ཚན་རིག་གི་ཐོག་ལ་ཡིན་ནའང་སེམས་ཁམས་རིག་པའི་འགྲོ་སྟངས་སྐོར་ནས་ངོས་རང་ཚན་རིག་པར་འབྲེལ་བ་ཧ་ཅང་ཡག་པོ་ཡོད། ཚན་རིག་པ་མང་པོ་ཞིག་གིས་ངོས་ལ་ཧ་ཅང་དགའ་བོ་བྱེད་བཞིན་འདུག ང་རང་ཚོའི་བོད་ལ་ཡོད་པའི་ནང་པ་སངས་རྒྱས་པའི་ཆོས་འདི་ཚན་རིག་དང་མཐུན་པར་རིགས་པའི་ལམ་ནས་འགྲེལ་བཤད་རྒྱག་རྒྱུ་ཡོད་པ་ཞིག་ཡིན། གོང་དུ་ཞུས་པ་ལྟར་མའོ་ཙེ་ཏུང་ལ་ཐུག་པའི་སྐབས་སུ་ཚུར་ཧ་ཅང་དགའ་བོ་བྱེད་ཀྱང་། ཁོ་རང་ཚོས་དམར་པོའི་རིང་ལུགས་མ་གཏོགས་ལྟ་གྲུབ་གཏིང་རིང་པོ་ཤེས་ཀྱི་མ་རེད། གང་ལྟར་ང་ཚོའི་བོད་པ་ཧ་ཅང་གྲུང་པོ་རེད།

ལོ་ཡུན་འདིའི་རིང་ལ་བོད་ཆོལ་ཁ་གསུམ་གྱི་མི་མང་ཚོས་སོ་སོའི་ཞེན་ཁོག་ལ་འགྱུར་བ་ཁྱོན་ནས་མེད་པར་ཧ་ཅང་བརྟན་པོ་བསྡད་པ་རེད། མ་འོངས་པར་ཡང་བོད་མི་རིགས་ཀྱི་ལྟ་སྤྱོད་བརྟན་པོར་འཇུས་བསྡད་པ་དེ་མུ་མཐུད་ནས་ཏན་ཏན་གནས་ཀྱི་རེད། མཁྱེན་སོང་ངམ། ངོས་རང་ལ་ཆ་བཞག་ན་བོད་མི་རིགས་རིག་གཞུང་དང་བཅས་པ་འཛམ་གླིང་འདིར་སྲ་བརྟན་ཕུགས་འཕེར་ཞིག་བྱེད་པར་སེམས་ཤུགས་ཡོད། དངོས་ཡོད་གནས་ཚུལ་ལ་ཕན་ཐོགས་ཡོད་པ་ཞིག་རེད། ང་ཚོས་གཞུང་ཁྲིད་པའི་སྐབས་སུ་དབུ་ཚད་ཀྱི་གཞུང་དང་། དབུ་མ་དང་ཕར་ཕྱིན་གྱི་གཞུང་ཧ་ཅང་ཡག་པོ་རེད། མངོན་པ་མཛོད་དེ་ཙམ་ཆོད་མཐོང་གི་མི་འདུག གཞུང་གཞན་རྣམས་ནི་ཧ་ལས་པ་རེད། དེང་སང་གི་དུས་ཚོད་འདིར་ང་ཚོའི་གཞུང་དེ་རྣམས་དེང་དུས་ཀྱི་ཤེས་ཡོན་དང་མཉམ་དུ་ཕྱར་བ་གྲུ་འདེགས་བྱས་ཏེ་ཕན་ཐོགས་བྱེད་ཐུབ་པ་ཧ་ཅང་ཡག་པོ་རེད། ང་ཚོ་བོད་མི་རིགས་ཀྱིས་སྔར་ཆོས་རྒྱལ་ཚོའི་སྐབས་ནས་སོ་སོའི་རིག་གཞུང་རིན་ཐང་དང་ལྡན་པ། ག་ཚོད་བསམ་བློ་བཏང་ཡང་གཏོང་རྒྱུ་ཡོད་པའི་རིག་གཞུང་གཏིང་ཟབ་ཅིག་མཁས་པ་རིམ་བྱོན་གྱིས་བདག་པོ་བརྒྱབ་པ་རེད། དུས་ད་ལྟ་ཡིན་ནའང་ངོས་ནས་བོད་ཀྱི་རིག་གཞུང་ལ་ག་ཚོད་ཐུབ་ཐུབ་ཀྱིས་བདག་པོ་རྒྱག་བཞིན་ཡོད། གཙོ་ཆེ་ཤོས་བོད་ནང་གི་དངོས་གནས་སྙིང་སྟོབས་ཅན་གྱི་མཁས་དབང་ཚང་མས་སོ་སོའི་རིག་གཞུང་གཏིང་ཟབ་འདིར་བདག་པོ་བརྒྱབ་ནས་བསྡད་ཡོད་པ་རེད། རིམ་བཞིན་དུས་ཚོད་འགྱུར་བ་ཡོང་གི་རེད། ང་ཚོའི་རིག་གཞུང་ནི་གཙོ་བོ་སེམས་ཁམས་རིག་པ་དང་འབྲེལ་བའི་རིག་གཞུང་ཞིག་ཆགས་ཡོད་པས། སེམས་ཀྱི་ཞི་བདེ་སྒྲུབ་པའི་རིག་གཞུང་ཆགས་ཡོད་པས་ཕྱིའི་དུས་ཀྱི་འགྱུར་བ་ལ་ལྟོས་པ་མེད་པར་མུ་མཐུད་ནས་གནས་ཀྱི་རེད། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་སྩལ་ཡོད།

  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།