༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༡༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དཔལ་ལྡན་གསང་ཆེན་སྨད་རྒྱུད་གྲྭ་ཚང་གི་མཁན་བླ་འདུས་དམངས་ཡོངས་ནས་ལྗོངས་རྒྱུའི་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་། མགོན་པོ་མཆོག་གིས་དད་ལྡན་སེར་སྐྱ་མང་ཚོགས་ལ་བརྒྱུད་འདེབས་ཀྱི་ལྗགས་ལུང་དང་། གསང་འདུས་རིམ་ལྔ་དམར་ཁྲིད་ཀྱི་བཤད་ལུང་མདོར་བསྡུས་ཤིག་བཀའ་དྲིན་སྩལ་ཡོད་པ་རེད།
སྐབས་དེར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་འབུལ་བཞེས་དང་། བརྟན་བཞུགས་ཀྱི་ཆོ་ག་རིམ་པར་བསྐྱངས་རྗེས་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་རྒྱུད་སྨད་ཀྱིས་བརྟན་བཞུགས་ཕུལ་བ་རེད། བོད་གངས་ཅན་གྱི་ལྗོངས་སུ་འཕགས་པའི་ཡུལ་ནས་བསྒྱུར་བའི་ཆོས་མང་པོ་ཞིག་ཡོད་པའི་ནང་ནས། དེའི་ནང་ཚན་ནས་དུས་ཡུན་རིང་པོར་འཆད་ཉན། སྒོམ་སྒྲུབ་རྒྱུན་མི་ཆད་པར་བྱེད་བཞིན་པ་ནི་གསང་བ་འདུས་པའི་བསྐྱེད་རྫོགས་ཆགས་ཀྱི་ཡོད། བོད་ཡོངས་སུ་གསང་བ་འདུས་པའི་ཆོས་འཆད་ཉན་བྱ་རྒྱུ་ཡོད་ཀྱང་། གྲྭ་ཚང་སྡེ་ཚན་དམིགས་བསལ་ཞིག་ལ་རྗེ་རིན་པོ་ཆེའི་ཕྱག་བཞེས་ལྟར་གསང་བ་འདུས་པའི་ཆོས་འཆད་ཉན་བྱེད་པར་འགན་བསྐུར་བ་ནི་རྒྱུད་གྲྭ་སྨད་སྟོད་གཉིས་ནས་ཞེ་ས་མ་ཞུས་ན་ཁྲལ་ལྟར་འཁུར་ལེན་མཁན་ཆགས་ཡོད། གསང་བ་འདུས་པའི་ལམ་དང་འབྲས་བུའི་རྣམ་གཞག་གང་འདྲ་ཡིན་མིན་ལ་དམིགས་བསལ་དོ་སྣང་བྱས་ནས་འཁྲིད་མེད་ནའང་། གསང་བ་འདུས་པའི་དངོས་གྲུབ་བཀའ་དྲིན་ཞུ་བཞིན་ཡོད་བསམས་ནས་འགྲོ་བཞིན་ཡོད། ངོས་རང་ལ་ཆ་བཞག་ནའང་། མགོ་སྟོད་དེ་ལྟར་ཕྱིན་པ་རེད། ཕྱིས་སུ་གསང་བ་འདུས་པའི་ལམ་གྱི་འགྲོ་སྟངས་དེ་དག་ཤེས། རྗེ་རིན་པོ་ཆེའི་གསུང་གི་ནང་དུ་གསང་བ་འདུས་པའི་སྐོར་གསུངས་པ་ལ་བསམ་བློ་བཏང་ཡོང་དུས་གསང་སྔགས་རྡོ་རྗེ་ཐེག་པའི་སྙིང་པོ་གཙོ་བོ་ཞིག་རེད་བསམ་ནས་ངེས་པ་རྙེད་ཐུབ་པ་ཞིག་ཡོང་གི་འདུག ང་ཚོའི་རྒྱུད་གྲྭ་སྨད་སྟོད་གཉིས་ལ་ཆ་བཞག་ན་གསང་བ་འདུས་པའི་རྒྱུད་ཀྱི་འཆད་ཉན་དགོན་པའི་སྒྲིག་འཛུགས་ཀྱི་ཁྲལ་ལྟ་བུ་བྱས་ཏེ་འདོན་རྒྱུ་ཆགས་ཡོད། ཅེས་བཀའ་སློབ་སྩལ་རྗེས་གསང་འདུས་རིམ་ལྔ་དམར་ཁྲིད་ཀྱི་བཤད་ལུང་དབུ་འཛུགས་མཛད་དང་།
བཤད་ལུང་དང་འབྲེལ་བཀའ་སློབ་སྩལ་དོན། མ་གཞི་དགེ་བ་ཅི་ཞིག་བྱས་པ་ཡིན་ནའང་གང་དུ་དམིགས་པ་དེ་ལ་ཕན་པ་ཡོང་གི་ཡོད་པ་རེད། སྐབས་སུ་བབ་པ་ཡི་གེ་བརྒྱ་བ་བཟླ་བ་ལྟ་བུ་ཡིན་ནའང་རང་རྒྱུད་ཀྱི་ལས་ངན་བསགས་པ་རྣམས་དག་པའི་ཆེད་དུ་དམིགས་ནས་སྒོམ་ན་དེ་དང་མཐུན་པའི་རྨི་ལམ་ཡང་ལུས་ཆུས་འཁྲུད་པ་དང་། ལུས་ལ་འོད་དཀར་པོ་ཤར་བ་ལྟ་བུའི་སྡིག་སྒྲིག་དག་པའི་རྨི་ལམ་ཡོང་རྒྱུ་ཡོད་པ་རེད། དེ་དུས་སོ་སོའི་སྡིག་སྒྲིབ་དག་སོང་སྙམ་པའི་སྨོན་པའི་ང་རྒྱལ་ཞིག་ཡོང་གི་ཡོད་པ་རེད། ཅེས་དང་། གསང་སྔགས་ཀྱི་ཆོས་ཉམས་ལེན་བྱེད་མཁན་ཚོས་སྔོན་ལ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ལ་སེམས་གཏིང་ནས་འགུལ་བསྐྱོད་ཐེབས་པ་ཞིག་དགོས། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་མེད་ན་སྔགས་ཉམས་ལེན་བྱ་ཤེས་ཐབས་མེད། འཛམ་གླིང་འདིའི་སྟེང་གི་ཉམས་ཐག་པའི་སེམས་ཅན་སྤྱི་དང་། ད་ལྟ་ང་ཚོའི་མཐོང་ཆོས་ལ་ཡོད་པའི་འཛམ་གླིང་གི་མི་གཙོ་བོར་གྱུར་པའི་སྲོག་ཆགས་རྣམས་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་རང་དང་མཚུངས་པ་རེད་དེ། སྡུག་བསྔལ་གྱིས་མནར་བ་དང་བདེ་བས་ཕོངས་ནས་ཡོད་པ་ང་ཚོ་ཚང་མས་མཐོང་བསྡད་པ་འདི་རེད། འཛམ་གླིང་འདིའི་སྒང་གི་མི་དུང་ཕྱུར་ཁ་ཤས་ཡོད་པ་ཚང་མས་འདོད་པ་བདེ་བ་དང་། མི་འདོད་པ་སྡུག་བསྔལ་ཡིན་ཡང་། སེམས་མ་རུང་བ་དང་རྨོངས་པའི་དབང་གིས་སྡུག་བསྔལ་གྱི་རྒྱུ་སྡུག་བསྔལ་གྱི་རྒྱུ་ཡིན་པ་མ་ཤེས་པར་སྣང་མེད་དུ་བཞག་སྟེ། སྡུག་བསྔལ་སྐྱེ་བའི་རྒྱུ་མང་པོ་ཞིག་ལ་ཉིན་རེ་བཞིན་དུ་དང་དང་དོད་དོད་བྱེད་པ་ཞིག་ཡོང་གི་འདུག
སྡུག་བསྔལ་གྱི་རྒྱུ་སྒོ་གསུམ་གྱི་མི་དགེ་བའི་ཐོག་ནས་ཡོང་གི་ཡོད་པ་དང་། དེ་བཞིན་སྔགས་བྱང་སེམས་ཀྱི་དབང་དང་བྱིན་རླབས་ཐོབ་ཡོད་ན། དེ་དང་འབྲེལ་བའི་ཉེས་པ་དེ་འདྲ་མང་པོ་ཡོང་གི་ཡོད་པ་རེད། རང་ཉིད་བཅོམ་ལྡན་འདས་ཀྱི་རྗེས་སུ་འབྲངས། རྡོ་རྗེ་ཐེག་པའི་ལམ་ལ་བསླབ། སྐབས་སུ་བབ་པ་རྡོ་རྗེ་སེམས་དཔའ་བསྐྱེད་ནས་སྡིག་སྒྲིབ་དག་པའི་དམིགས་པ་དང་མོས་པ་བྱེད་སྐབས་༧རྒྱལ་བའི་དགོངས་པ་དང་མཐུན་པ་ཞིག་དགོས། རང་གིས་མི་ཤེས་པ་ཨ་ཅང་ཅང་། བསམ་བཞིན་དུ་སྡུག་བསྔལ་གྱི་རྒྱུ་དང་དུ་བླངས་པ་དང་སྣང་མེད་དུ་གཏོང་བཞིན་འདུག དེ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུགས་ཆགས་ཐོགས་མེད་པར་ཐམས་ཅད་མཁྱེན་མཁན་ཞིག་ཡིན་པར་བརྟེན། སངས་རྒྱས་བཅོམ་ལྡན་འདས་ལ་ངས་སྒོ་གསུམ་གྱི་སྡིག་སྒྲིབ་བསགས་པ་དེ་དག་སྙིང་ཁོངས་རུས་པའི་གཏིང་ནས་བཤགས་པར་བྱའོ་བསམ་པའི་འགྱོད་པ་དང་བཅས་པའི་སེམས་ཤུགས་ཡག་པོ་ཞིག་སྐྱེས་ནས་ཡིག་བརྒྱ་དང་མ་ཎི་སོགས་བསགས་པ་ཡིན་ན་ཡག་པོ་ཡོད་པ་རེད། རང་གི་ཉིན་རེའི་དགེ་བསགས་པ་རྣམས་ཚོགས་གོང་ནས་གོང་དུ་འཕེལ་བའི་ཆེད་དུ་དམིགས་པ་དང་། རང་གིས་ནོར་འཁྲུལ་བྱས་པ་རྣམས་ཀྱི་སྡིག་པ་དག་པ་དང་། ལྟུང་པ་དག་པ་སོགས་དམིགས་ས་ཅི་འདྲ་ཞིག་གི་ཆེད་དུ་དམིགས་པའི་ཐོག་ནས་སྡིག་བཤགས་བྱེད་པའི་མོས་པ་བྱེད་པ་དེ་འདྲ་ཞིག་རེད། ཅེས་སོགས་བཀའ་སློབ་སྩལ་ཡོད།