༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༡༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཀྲས་ལྷུན་ནས་ཕེབས་ཐོན་གྱིས་དཔལ་ལྡན་གསང་ཆེན་སྨད་རྒྱུད་གྲྭ་ཚང་ལ་ཞབས་སོར་འཁོད་དེ་ཕེབས་གདོང་མཛད་སྒོའི་ཐོག་བཀའ་སློབ་སྩལ་ཡོད་པ་རེད།
དེ་ཡང་སྐབས་དེར་དཔལ་ལྡན་གསང་ཆེན་སྨད་རྒྱུད་གྲྭ་ཚང་གི་མཁན་བླ་འདུས་མང་གིས་གཙོས་དད་ལྡན་སེར་སྐྱ་མང་པོས་ཕེབས་བསུ་དང་འབྲེལ་རྒྱུད་སྨད་ཚོགས་ཆེན་འདུ་ཁང་དུ་ཕེབས་གདོང་མཛད་སྒོར་༸ཞབས་སོར་འཁོད་མཚམས་བཀའ་སློབ་སྩལ་དོན། ད་རེས་འགྲུལ་ཐག་རིང་པོ་བྱས་ཏེ་ཐ་མ་འདིར་སླེབས་པ་རེད། གང་ལྟར་འགྲུལ་ཐག་རིང་པོ་བརྒྱབ་ཀྱང་གཟུགས་པོའི་ཆ་ནས་དཀའ་ངལ་གང་ཡང་མི་འདུག མདོ་སྨད་པ་ལྷ་མོ་དོན་གྲུབ་ཀྱི་གཟུགས་པོ་ད་དུང་ལོ་མང་པོའི་རིང་བོད་བསྟན་སྲིད་ཀྱི་ཞབས་འདེགས་སྒྲུབ་ཐུབ་པ་ཞིག་ལ་ཕལ་ཆེར་ཚོད་ཐིག་གི་འདུག ད་ལྟའི་བར་དུ་ཕར་ཚུར་འགྲིམ་འགྲུལ་བྱེད་པ་དང་། མི་ལ་ཐུག་ནས་སྐད་ཆ་བཤད་པ་སོགས་ཁུངས་མ་འཁྱོལ་བའི་དཀའ་ངལ་ལྟ་བུ་ཁྱོན་ནས་མི་འདུག ད་ལྟ་སྣང་དག་མི་འདུག ངོས་ཀྱིས་མཚམས་དང་མཚམས་ལ་བཤད་མྱོང་། རྨི་ལམ་ལ་བརྟག་པ་ཡིན་ན་ངོས་རང་ལོ་བརྒྱ་དང་བཅུ་གྲངས་ཤིག་སྡོད་རྒྱུ་རེད། ད་ལྟ་དད་ལྡན་སེར་སྐྱ་མི་མང་ལ་ཐུག་པ་དང་། ཆོས་དད་མི་མཁན་གྱི་མི་མང་ཡང་ཧ་ཅང་མང་པོར་ཐུག་གི་ཡོད་པ་རེད། ཚང་མའི་ཁམས་དང་མོས་པར་མཐུན་པར་བགྲོ་གླེང་བྱེད་དུས་དགའ་བོ་བྱེད་ཀྱི་འདུག
གང་ལྟར་སྐུ་མདུན་སྐུ་གོང་མ་མྱ་ངན་ལས་འདས་པའི་རྗེས་སུ་ངོས་རང་ལས་དང་སྨོན་ལམ་གྱི་སྟོབས་ཀྱིས་༸རྒྱལ་བའི་མཚན་ཐོགས་མཁན་ཞིག་ཆགས་ཡོད། ད་ལྟའི་བར་དུ་ཧུར་ཐག་བྱས་པ་ཡིན་ལ་ད་དུང་ཡང་གོང་དུ་ཞུས་པ་ལྟར་རྨི་ལམ་ལ་ལོ་བརྒྱ་དང་བཅུ་གྲངས་ཤིག་རིང་སངས་རྒྱས་ཀྱི་བསྟན་པ་གཙོ་བོར་གྱུར་པའི་བོད་དོན་ཐོག་ཞབས་འདེགས་མུ་མཐུད་ནས་སྒྲུབ་ཐུབ་པ་ཞིག་ཕལ་ཆེར་ཡོད་པ་ལྟ་བུ་འདུག དེ་རིང་འདིར་སྐབས་སུ་བབ་པ་ས་ཆ་འདིར་འབྱོར་བ་རེད། བོད་པ་ཚོས་ཏཱ་ལའི་བླ་མ་ཟེར་དུས་དགའ་མོས་བྱེད་ས་ཞིག་རེད། ངོས་རང་མདོ་སྨད་ནས་སྐྱེས་ཤིང་དབུས་གཙང་དུ་སླེབས་པ་དང་། ཡོངས་འཛིན་རྣམ་པ་ཚོའི་སྐུ་མདུན་ནས་དཔེ་ཆ་དགའ་རབ་ཅིག་བལྟས་པ་རེད། མཚན་ཞབས་ཚོ་ཡང་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན། ད་ལྟ་ཀླད་པ་བེད་སྤྱོད་ནི་ཡག་ཐག་ཆོད་བྱས་ཡོད་པ་རེད།
དེ་ནས་རིམ་པར་གདན་ས་ཚོར་གྲྭ་སྐོར་བྱས་པ་དང་། ལྷ་སའི་སྨོན་ལམ་ཆེན་མོར་ལྷ་རམས་པའི་དམ་བཅའ་བཞག་པ་བཅས་ཧ་ཅང་བསྐལ་བ་བཟང་པོ་བྱུང་། ངོས་ཀྱིས་ནམ་རྒྱུན་བཤད་ཀྱི་ཡོད། གྲྭ་སར་གྲྭ་སྐོར་བྱེད་སྐབས་དང་ལྷ་སའི་སྨོན་ལམ་ལ་ཚོགས་ལངས་བྱེད་སྐབས་གྲྭ་ཆས་རྫིག་ཐག་ཆོད་གྱོན་བསྡད་ཡོད། གྲྭ་ཆས་རྫིག་པོ་ཡོད་ཀྱང་ལག་པ་བྲང་ཁར་བཞག་ན་ཞེད་ནས་སྙིང་ལྡིག་ལྡིག་བྱེད་བཞིན་ཡོད། ཞེད་སྣང་དང་དགའ་ཚོར་བྱས་ཏེ་ངོས་ཀྱི་གྲྭ་སྐོར་ཧ་ཅང་གྲ་འགྲིག་པོ་བྱུང་། གང་ལྟར་མདོ་སྨད་པ་ལྷ་མོ་དོན་གྲུབ་ཀྱིས་ད་ལྟའི་བར་དུ་༸རྒྱལ་དབང་གི་མིང་འཁུར་ནས་ཆོས་འབྲེལ་གྱི་བྱེད་སྒོ་རྣམས་ཆད་ལུས་མེད་པར་ཏན་ཏན་གྲུབ་ཡོད་ལ། མི་མང་ཚོས་ཀྱང་ཧ་ཅང་དགའ་བོ་བྱེད་ཀྱི་འདུག བོད་པ་ཚོ་ཨ་ཅང་ཅང་བོད་རིགས་མ་ཡིན་པ་དང་། ཆོས་ལ་དམིགས་གསལ་དོ་སྣང་མེད་མཁན་ཚོས་ཀྱང་ངོས་ལ་གྲོགས་པོའི་འདུ་ཤེས་བཞག་ནས་ཧ་ཅང་དགའ་བོ་བྱེད་བཞིན་འདུག དེར་བརྟེན། ངོས་ཀྱིས་མིག་ལྟོས་ལྟ་བུ་ཧ་ཅང་ཡག་པོ་བྱས་ཡོད། ད་དུང་ཡང་ལོ་ཕལ་ཆེར་བཅོ་ལྔ་ཉི་ཤུའི་རིང་ངོས་ཀྱི་ལུས་པོ་འཚོ་བའི་ཐོག་ནས་བོད་ཀྱི་བསྟན་སྲིད་ལ་རྒྱ། ནང་པ་སངས་རྒྱས་པའི་ཆོས་ཉམས་ལེན་སོགས་ལ་ངོས་ཀྱིས་མུ་མཐུད་ནས་ཞབས་འདེགས་སྒྲུབ་ཐུབ་ཀྱི་རེད། ངོས་ཀྱིས་ཚན་རིག་ལ་དགའ་བོ་བྱེད་ཀྱི་ཡོད་པས་ཚན་རིག་པ་ཚོའི་ནང་ནས་ངོས་ལ་གྲོགས་པོ་སྒྲིག་ནས་ཧ་ཅང་དགའ་བོ་བྱེད་མཁཉ་འདུག ཅེས་དང་།
ང་ཚོ་བཙན་བྱོལ་བ་ཆགས་ནས་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་ཀྱང་། ཚང་མས་སེམས་ཤུགས་གཅིག་ཏུ་སྒྲིལ་ནས་ཧུར་ཐག་འབད་ཐག་བྱས་ཡོད།
སྤྱིར་བསྟན་པ་དང་འགྲོ་བའི་དོན། ཡང་སྒོས་ཆོས་ཕྱོགས་ནས་ཆ་བཞག་ན་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་མདོ་སྔགས་ཀྱི་ཆོས་སྐོར་དེ་དག་ལ་ངོས་ཀྱང་སློབ་སྦྱོང་དང་ཉམས་ལེན་བྱས་ཏེ། ཉིན་རེ་བཞིན་དུ་བཤར་སྒོམ་བྱེད་ཀྱི་ཡོད་ལ། ངོས་ཀྱིས་འཛམ་བུ་གླིང་ལ་མིའི་བསམ་བློར་འགྱུར་བ་ཅི་འདྲ་ཞིག་གཏོང་དགོས་ཀྱི་ཡོད་པའི་ཐོག་ལ་བསམ་འཆར་བཤད་པ་དང་། གོ་བསྡུར་བྱེད་པ་དེ་ཧ་ཅང་ཡག་པོ་ཡོང་གི་འདུག
ཕྱོགས་གཅིག་ནས་བསམ་བློ་བཏང་ན་ངོས་རང་བོད་ལ་བསྡད་ཡོད་ཚེ། ཚོམས་ཆེན་སོགས་ཀྱི་ནང་ལ་བཞུགས་ཁྲི་མཐོ་པོ་ཞིག་གི་སྒང་ནས་རྫིག་པོ་བྱས་ཏེ་སྡོད་དགོས་ཀྱང་། བཙན་བྱོལ་བ་ཆགས་ནས་དེ་ལྟ་བུའི་གཟི་བརྗིད་ཅན་ནམ་རྫིག་པོ་མི་བྱེད་པར། དངོས་ཡོད་གནས་ཚུལ་ལྟར་མི་དང་མིའི་འབྲེལ་བའི་ཐོག་ནས་སྐད་ཆ་བཤད། དྲི་བ་དྲིས་ལན་བྱེད་པ་དེ་ཕན་ཐོགས་ཧ་ཅང་ཆེ་བ་འདུག་པས་བཞུགས་ཁྲིའི་སྒང་ལ་རྫིག་པོ་བྱས་ནས་སྡོད་པར་དགོས་པ་ཅང་མི་འདུག ངོས་ཀྱི་གཤིས་ཀ་ཡང་བཞུགས་ཁྲིའི་སྒང་ལ་རྫིག་པོ་བྱས་ནས་སྡོད་མཁན་དེ་མིན་པར། གཅིག་གིས་གཅིག་ལ་ནང་ཚགས་བྱས་ནས་སྐད་ཆ་བཤད་པ་དེ་ཡིན་ལ། ད་ལྟ་བཙན་བྱོལ་བ་བྱས་ནས་སྡོད་དུས་དེ་ཧ་ཅང་རན་པོ་འདུག ཅེས་སོགས་བཀའ་སློབ་སྩལ་ཡོད།