༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༡༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མ་ཎི་དུང་སྒྲུབ་ཀྱི་ཚོགས་མགོན་དུ་ཆིབས་སྒྱུར་གྱིས་མགོན་པོ་གང་ཉིད་མཆོག་གིས་བཀའ་རྩོམ་མཛད་པའི་ཇོ་བོའི་གསོལ་འདེབས་རྒྱལ་ཀུན་ཐུགས་རྗེ་མའི་ལྗགས་ལུང་དང་བཀའ་སློབ་བཀའ་དྲིན་སྩལ་ཡོད་པ་རེད།
དེ་ཡང་ཞོགས་པའི་ཆུ་ཚོད་ ༧།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་གྱིས་མ་ཎི་དུང་སྒྲུབ་ཀྱི་ཚོགས་མགོན་དུ་༸ཞབས་སོར་འཁོད་རྗེས་འཕགས་པ་ཐུགས་རྗེ་ཆེན་པོའི་གསོལ་འདེབས་དང་འབྲེལ་མ་ཎི་གྲངས་བསགས་མཛད་པ་མ་ཟད། ཇོ་བོའི་གསོལ་འདེབས་ཀྱི་ལྗགས་ལུང་དང་བཀའ་སློབ་བཀའ་དྲིན་སྩལ་དོན།
དེ་རིང་འཕགས་པ་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་ཡིག་དྲུག་སྐྱ་སེར་མཆོག་དམན་མེད་པར་ཚང་མས་བགྲང་གི་ཡོད། ཕྱོགས་གཅིག་ནས་འཕགས་པ་སྤྱན་རས་གཟིགས་སྙིང་རྗེའི་ལྷ་མཆོག་དང་། གཉིས་ནས་ང་ཚོ་བོད་གངས་ཅན་གྱི་ལྷ་སྐལ་ཆགས་ཡོད། འདིར་སྐྱ་སེར་མང་པོ་ཞིག་འཛོམས་ནས་མ་ཎི་གསོག་གི་ཡོད། དེ་ལ་དབང་ལྟ་བུ་རྙོག་དྲ་ཚ་བོ་མེད་པར་མ་ཎི་ཡིག་དྲུག་གསོག་སྡོད་པ་ཞིག་རེད། མི་མང་གིས་ཡིག་དྲུག་གསོག་རྒྱུ་ལས་སླ་བོ་རེད། ངོས་ཀྱི་རྨི་ལམ་ལ་འཕགས་པ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་ཧ་ཅང་གསལ་པོ་ཞིག་ཡོང་གི་འདུག དེ་རིང་འདིར་ལྷག་བསམ་རྩེ་གཅིག་གི་ཐོག་ནས་མ་ཎི་ཡིག་དྲུག་བསགས་པ་ལ་ཧ་ཅང་དགོས་པ་ཆེན་པོ་འདུག གང་ལྟར་མ་ཎི་བསགས་ནས་དོན་དག་དེ་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བར་བསམ་བློ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཆོས་གྲོགས་ཚང་མས་དགོངས་པ་བཞེས་ཀྱི་རེད་ལ་དེ་ལ་དགོངས་པ་བཞེས་ཤིག བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་བཏང་བ་ཡིན་ན་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་ཐུགས་ཀྱི་གཏིང་ནས་བརྩེ་བ་ཞིག་ཡོང་གི་རེད། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་མེད་པར་ཡིག་དྲུག་བགྲངས་པ་ཙམ་གྱིས་ཨ་བོ་ནེ་ཙོས་མ་ཎི་བགྲངས་པ་ལྟ་བུ་ཆགས་ན་དགོས་པ་མི་འདུག དེར་བརྟེན། ཚང་མས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་དགོངས་པ་ཡག་པོ་བཞེས།
ང་ཚོ་བོད་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རྣམས་འཕགས་པ་སྤྱན་རས་གཟིགས་ཀྱི་འདུལ་ཞིང་གི་མི་ཆགས་ཡོད། མ་ཎི་ཡིག་དྲུག་བགྲང་པ་དང་ཆབས་ཅིག་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བར་ག་ཚོད་ཐུབ་ཐུབ་ཀྱིས་བསམ་བློ་བཏང་ནས་སེམས་ལ་ཟླ་སྐྱེད་ཞག་སྐྱེད་ཐོན་ཐུབ་པ་ཞིག་ལ་འབད་བརྩོན་བྱས་པ་ཡིན་ན་དངོས་གནས་ཕན་ཐོགས་ཡོད། ངོས་ལ་ཆ་བཞག་ན་ཉིན་རེར་ཞོགས་པ་ཡར་ལངས་པ་དང་བྱང་ཆུབ་ཀྱི་སེམས་དང་། དེ་དང་འབྲེལ་ཏེ་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་གཏོང་བཞིན་ཡོད། དངོས་གནས་སེམས་ལ་ཕན་ཐོགས་ཆེན་པོ་ཞིག་ཡོང་གི་འདུག ཆོས་གྲོགས་ཚོས་ཀྱང་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བར་ག་ཚོད་ཐུབ་ཐུབ་ཀྱིས་བསམ་བློ་བཏང་བ་ཡིན་ན་ཡག་པོ་ཡོང་གི་རེད། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་མེད་པར་མ་ཎི་བགྲངས་པ་ཙམ་ལ་ཚིག་ཙམ་བགྲངས་པའི་ཕན་ཡོན་ཡོད་ཀྱང་། དེ་ཙམ་གྱིས་ནུས་པ་ཐོན་ཐུབ་རྒྱུ་ཁག་པོ་རེད། ཞོགས་པ་གཉིད་སད་པ་དང་བྱང་ཆུབ་ཀྱི་སེམས་དང་། དེ་དང་འབྲེལ་སྟོང་ཉིད་ཀྱི་ལྟ་བ་ག་ཚོད་ཐུབ་ཐུབ་ཀྱིས་སྒོམ་ནས་མ་ཎི་བགྲང་བ་དང་། སྤྱན་རས་གཟིགས་ལ་གསོལ་བ་བཏབ་ན་ཡག་པོ་ཡོད་པ་རེད། ཅེས་བཀའ་སློབ་སྩལ་རྗེས། རྫོང་དཀར་ཆོས་སྡེས་ཞུས་དོན་ལྟར་མགོན་པོ་མཆོག་གིས་མཛད་པའི་ཇོ་བོའི་གསོལ་འདེབས་ཀྱི་ལྗགས་ལུང་བཀའ་དྲིན་སྩལ།
ལྗགས་ལུང་གྲུབ་མཚམས་བཀའ་སྩལ་དོན། ང་ཚོ་ཕྱོགས་གཅིག་ནས་ལུང་པར་བྲལ་ནས་ཡོད། ཡང་ཕྱོགས་གཅིག་ནས་སངས་རྒྱས་པའི་ཆོས་ལ་འཛམ་གླིང་འདིར་དོ་སྣང་གསར་པ་ཞིག་སླེབས་ཀྱི་ཡོད། འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་རླབས་རེད། བོད་གངས་ཅན་གཙོ་བོར་གྱུར་པའི་ཧི་མ་ལ་ཡའི་མི་མང་ཚང་མར་འཕགས་པ་སྤྱན་རས་གཟིགས་ལ་བསམ་པའི་དད་པ་དང་། མོས་པ་རྩེ་གཅིག་པར་ཡོད་པ་ཧ་ཅང་གསལ་པོ་རེད། ངོས་རང་ཆུང་ཆུང་སྐབས་ནས་ཨ་ར་པ་ཙ་དང་མ་ཎི་བགྲངས་པ་དང་། དེ་ལྟ་བུའི་བག་ཆགས་སད་ཡོད་པའི་མི་ཞིག་ཆགས་ཡོད། ངོས་རང་འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་རྗེ་བྱིན་རླབས་ལ་རྒྱུན་དུ་འབྲལ་མེད་ཀྱིས་གསོལ་བ་འདེབས་བཞིན་པ་ཞིག་ཆགས་ཡོད། དེར་བརྟེན། དེ་རིང་དུས་ཚོད་འདིར་མི་མང་སེར་སྐྱ་དང་། ཆོས་ལུགས་ཀྱི་སྐད་ཆ་གཞན་མི་འདུག གང་ལྟར་སེམས་པ་བཟང་པོ་བྱེད་པ་དང་། བརྣག་སེམས་གནོད་སེམས་མེད་པར་ཀུན་ལ་ཕན་སེམས་བྱེད་པ་ཞིག་ང་ཚོ་ཚང་མས་བྱེད་ཐུབ་པ་རེད་ལ་འབྲེལ་བ་ཡོད་པ་ཆགས་ཡོད། ཚང་མས་ཧུར་ཐག་གནང་ཤོག
ཇི་ཙམ་གྱིས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་བཏང་བ་ཡིན་ན། ཝ་ཏི་བཟང་པོའི་ཞལ་རས་འཛུམ་ཤིག་ཤིག་ཅིག་ཆགས་ཡོང་གི་འདུག ལྷ་རྫིག་པོ་ཞལ་གསུམ་ཕྱག་དྲུག་ཅི་འདྲ་ཞིག་བཟོས་པ་ཡིན་ནའང་ཝ་ཏི་བཟང་པོའི་ཞལ་རས་འཛུམ་ཤིག་ཤིག་ཡོང་བའི་ངེས་པ་ཡོད་པ་མ་རེད། སེམས་པ་བཟང་པོ་དང་ཀུན་ལ་ཕན་སེམས་བྱེད་པ་ཡིན་ན་ཝ་ཏི་བཟང་པོ་གཏིང་ནས་དགྱེས་པའི་རྣམ་འགྱུར་ཐོན་ཐུབ་པ་ཞིག་རེད་འདུག ངོས་ནས་འཕགས་པ་ཝ་ཏི་བཟང་པོའི་བཞེད་དགོངས་འགྲུབ་པ་ཞིག་དང་། མིང་ལ་༸རྒྱལ་དབང་གི་མིང་ཐོགས་ཡོད། གང་ལྟར་ཝ་ཏི་བཟང་པོར་ཚེ་རབས་ནས་ཚེ་རབས་སུ་འབྲེལ་བ་ཡོད་པ་ཞིག་ཆགས་ཀྱི་ཡོད། ཇི་ལྟར་ཚེ་རབས་ནས་ཚེ་རབས་སུ་འབྲེལ་བ་ཡོད་པ་བཞིན་ངོས་རང་ནས་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱེད་པ་དང་། དེ་དང་འབྲེལ་ནས་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་གཏོང་བཞིན་ཡོད། ངོས་ཀྱི་ངོ་ཤེས་གྲོགས་པོ་ཚོར་ཡང་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་འགྲེལ་བཤད་བྱེད་ཀྱི་ཡོད། དེ་ཙམ་དུ་མ་ཟད་འཛམ་གླིང་འདིར་དམིགས་བསལ་ཆོས་དད་མེད་མཁན་ཚོར་ཡང་སེམས་པ་བཟང་པོ་བྱེད་དགོས་པའི་བསླབ་བྱ་གཙོ་བོར་བཤད་བཞིན་ཡོད། དེང་འཛམ་གླིང་འདིར་དེ་སྔ་སངས་རྒྱས་པའི་ཆོས་ལ་དོ་སྣང་ཁྱོན་ནས་མེད་མཁན་ཚོས་ཀྱང་སེམས་པ་བཟང་པོ་བྱེད་པ་དང་། སྙིང་རྗེའི་བློ་སྒོམ་པ་བཅས་ལ་དོ་སྣང་གསར་པ་བྱེད་བཞིན་འདུག འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་རླབས་རེད། ངོས་རང་ནས་ག་ཚོད་ཐུབ་ཐུབ་ཀྱིས་འཕགས་པ་སྤྱན་རས་གཟིགས་ཀྱི་ཞབས་འདེགས་སྒྲུབ་རྒྱུ་ཡིན།
སངས་རྒྱས་པའི་ཆོས་འདི་དད་པ་དང་སྨོན་ལམ་རྐྱང་རྐྱང་མ་ཡིན་པར་བསམ་བློ་གཏོང་རྒྱུ་མང་པོ་འདུག དེ་ཧ་ཅང་གལ་ཆེན་པོ་རེད། དེར་བརྟེན། ཝ་ཏི་བཟང་པོས་ཇི་ལྟར་དགོངས་པ་ནང་བཞིན་ང་ཚོ་བོད་རིགས་གཙོ་བོར་གྱུར་པའི་སེམས་ཀྱི་ཞི་བདེ་དོན་དུ་གཉེར་མཁན་ཚང་མར་ཝ་ཏི་བཟང་པོའི་བྱིན་རླབས་གནང་བ་ཞིག་དང་། འཛམ་གླིང་འདིའི་སྟེང་མི་གྲངས་དུང་ཕྱུར་ཁ་ཤས་ཡོད་པ་རྣམས་དམིགས་བསལ་ཆོས་ལ་དད་པ་ཡོད་ན་མེད་ན་སེམས་པ་བཟང་པོ་བྱེད་པ་ལ་ཚང་མས་དོ་སྣང་བྱེད་ཀྱི་ཡོད། འཕགས་མཆོག་ཝ་ཏི་བཟང་པོས་དེ་དག་ཚང་མར་བརྩེ་བའི་དགོངས་ནས་བྱིན་རླབས་གནང་རོགས་ཞེས་ཞུ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་སྩལ་རྗེས་སླར་ཡང་མ་ཎི་གསོག་སྒྲུབ་མཛད་རྗེས་བཞུགས་སྒར་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད།
འཕགས་མཆོག་རང་བྱུང་ཝ་ཏི་བཟང་པོའི་གསོལ་འདེབས་བཞུགས་སོ།
༄༅། །ན་མོ་ཨརྱ་ལོ་ཀེ་ཤྭ་ར་ཡ། །
རྒྱལ་བ་ཀུན་གྱི་ཐུགས་རྗེའི་རང་གཟུགས་དངོས།།
མ་འདྲེས་འགྲོ་བ་ཡོངས་ཀྱི་གཉེན་གཅིག་པུ།།
ཡང་དག་ལམ་བཟང་སྟོན་པའི་བླ་མ་མཆོག །
འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།།
ལྔ་བརྒྱའི་སྙིགས་མའི་འགྲོ་བ་ལ་བརྩེ་བས།།
ཧ་རི་ཙན་དན་ཤིང་ལས་རང་བྱོན་མཛད།།
ཐུགས་བསྐྱེད་གངས་ཅན་ཞིང་དུ་སྨིན་པ་ཡི།།
འཕགས་མཆོག་ཝ་ཏི་བཟང་པོར་གསོལ་བ་འདེབས།།
ཕྱག་བཞི་པ་དང་སྟོང་ཕྲག་ཕྱག་ལ་སོགས།།
སྣ་ཚོགས་འགྲོ་བ་འདུལ་བའི་སྤྲུལ་པའི་གར།།
ཇི་སྙེད་མོས་ཁམས་རྒྱ་མཚོར་སྤྲོ་བའི་མགོན།།
འཕགས་མཆོག་ཝ་ཏི་བཟང་པོར་གསོལ་བ་འདེབས།།
ད་དུང་གངས་ཅན་ཞིང་དུ་ཁྱོད་ཉིད་ལ།།
རྩེ་གཅིག་དད་པས་མཆོད་ཅིང་འབོད་བྱས་ན།།
མི་བཟོད་དུཿཁས་མནར་བ་འདི་དགོངས་ལ།།
ཐུགས་རྗེའི་ཕྱག་གིས་མྱུར་དུ་དྲང་དུ་གསོལ།།
གསོལ་བ་ཐོབ་དང་འབྲལ་བ་མེད་དོ་ཞེས།།
ཁ་བ་ཅན་གྱི་གདུལ་བྱར་ཞལ་འཆེ་བ།།
མ་བསྙེལ་ཇི་ལྟར་སྔོན་གྱི་ཐུགས་བསྐྱེད་དག།
བདག་ཅག་རྣམས་ལ་མངོན་སུམ་བསྟན་དུ་གསོལ།།
ཉོན་མོངས་ཆུ་བོར་བྱིང་བའི་སྐྱེ་བོ་རྣམས།།
ཐུགས་རྗེ་འཕྲུལ་གྱི་ཞགས་པས་མྱུར་བཟུང་སྟེ།།
ཟབ་རྒྱས་གདམས་པའི་སྒོ་འཕར་དབྱེ་བ་ཡིས།།
ཡང་དག་ཐར་པའི་ལམ་དུ་དྲང་དུ་གསོལ།།
རྒྱལ་ཁམས་སྤྱི་དང་ཁྱད་པར་གངས་ལྗོངས་སུ།།
དུས་མིན་འཆི་དང་འཁྲུག་རྩོད་ནད་ཡམས་དང་།།
སད་སེར་བཙའ་ཐན་མུ་གེ་འབྱུང་པོའི་གདོན།།
རྒུད་པ་མིང་ཙམ་མེད་པར་བྱིན་གྱིས་རློབས།།
བདག་ཀྱང་རིང་པོར་འཚོ་ཞིང་སྒོ་གསུམ་གྱི།།
སྲས་བཅས་རྒྱལ་བའི་མཛད་པ་ཅི་མཆིས་པ།།
གེགས་མེད་བདེ་བླག་ཉིད་དུ་འགྲུབ་གྱུར་ནས།།
བཀྲ་ཤིས་རྒྱ་མཚོས་ཕྱོགས་ཀུན་ཁྱབ་པར་མཛོད།།
ཅེས་པ་འདི་ནི་འཕགས་མཆོག་རང་བྱུང་ཝ་ཏི་བཟང་པོའི་གསོལ་འདེབས་སྨོན་ཚིག་ཅིག་དགོས་ཞེས་རྟེན་མཆོག་འདིའི་བདག་པོ་ལྟ་བུར་གྱུར་པ་རྫོང་དཀར་ཆོས་སྡེ་དགའ་ལྡན་འཕེལ་རྒྱས་གླིང་ནས་འཕགས་མཆོག་ཝ་ཏི་བཟང་པོའི་རྣམ་ཐར་ཕྱོགས་བསྒྲིགས་པར་སྐྲུན་དང་སྦྲགས་བསྐུལ་ངོར། ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མས། རབ་བྱུང་བཅུ་བདུན་ལྕགས་གླང་ཟླ་ ༡༠ ཚེས་ ༥ ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༨ ཉིན་སྦྱར་བའོ།།