༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༢ ཚེས་ ༢༤ བོད་ཟླ་ ༡ ཚེས་ ༡༥ ཆོ་འཕྲུལ་དུས་ཆེན་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་དང་། མ་ཎི་ཡི་གེ་དྲུག་མའི་བཟླས་ལུང་། སྐྱེས་རབས་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་ཡོད་པ་རེད།
དེ་ཡང་ཞོགས་པའི་ཆུ་ཚོད་ ༧།༣༥ ཙམ་ལ་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་གྱིས་གསུང་ཆོས་ར་བའི་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་ཤེས་རབ་སྙིང་པོ་སོགས་ཞལ་འདོད་ཁག་གསུང་འདོན་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་མཆོག་གིས་མནྜལ་རྟེན་གསུམ་འདེགས་འབུལ་ཞུས་ཤིང་། རྒྱུད་སྟོད་མཁན་རིན་པོ་ཆེ་དང་། བློ་གླིང་མཁན་རིན་པོ་ཆེ། རྣམ་གྲྭ་མཁན་རིན་པོ་ཆེ། སྨོན་ལམ་ཆེན་མོའི་བྱིངས་འདྲེན་སོགས་ནས་མཇལ་ཁ་ཞུས་རྗེས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སངས་རྒྱས་ཆོས་ཚོགས་མ་ཚར་གསུམ་གསུང་འདོན་རྗེས་བཀའ་སློབ་སྩལ་དོན།
དེ་རིང་འདིར་འཆར་ཅན་ལྟར་གསུང་ཆོས་ར་བར་གསུང་ཆོས་བྱེད་པ་ཞིག་རེད། གང་ལྟར་འཛམ་གླིང་འདིར་རིམ་བཞིན་ཆོས་ལ་དོ་སྣང་ཆེ་རུ་འགྲོ་བཞིན་འདུག དངོས་པོ་ཡར་རྒྱས་རྐྱང་པར་དམིགས་མཁན་ཚོས་ཀྱང་གཞི་ནས་སེམས་ལ་ཞི་བདེ་དགོས་པ་གལ་ཆེན་པོར་བརྩི་བཞིན་ཡོད། ཆོས་ལུགས་ཚང་མའི་ནང་དུ་དཀོན་མཆོག་ལ་དད་པ་བྱེད་པ་གསུངས་ཡོད་ཅིང་། དེས་སེམས་ལ་ཞི་བདེ་ཡོང་བར་ཕན་ཐོགས་ཡོད་པ་རེད། ཡིན་ནའང་། སེམས་ཁམས་རིག་པ་དང་འབྲེལ་ནས་སེམས་ཀྱི་ཞི་བདེ་བཟོ་བ་ལ་ཕལ་ཆེར་ནང་པའི་ཆོས་ཟབ་ཤོས་ཆགས་ཡོད། ངོས་ཀྱིས་ངོ་ཤེས་པ་ཚན་རིག་པ་མང་པོའི་ནང་སེམས་ཁམས་རིག་པ་དང་འབྲེལ་སེམས་ཀྱི་ཞི་བདེའི་ཐོག་ལ་དོ་སྣང་བྱེད་མཁན་ཇེ་མང་ཇེ་མང་ལ་འགྲོ་བཞིན་པ་ཞིག་རེད། ང་ཚོའི་སངས་རྒྱས་པའི་ཆོས་ནི་སེམས་ཁམས་རིག་པ་དང་འབྲེལ་བའི་ཐོག་ནས་སེམས་ཀྱི་ཞི་བདེ་སྒྲུབ་ཀྱི་ཡོད། དངོས་པོ་ཡར་རྒྱས་ཕྱིན་ནས་འགྱུར་བ་འགྲོ་གི་ཡོད་ཀྱང་། སེམས་ཁམས་རིག་པ་དང་འབྲེལ་བའི་ཐོག་ནས་སེམས་ཀྱི་ཞི་བདེ་སྒྲུབ་རྒྱུ་ནི་ཕལ་ཆེར་དངོས་ཡོད་གནས་ཚུལ་ཞིག་དང་། ཚན་རིག་དང་མཐུན་པ་ཞིག་ཡིན།
ང་ཚོ་བོད་གངས་ཅན་གྱི་ལྗོངས་ལ་ཡོད་པའི་སངས་རྒྱས་པའི་ཆོས་འདི་ནི་སེམས་ཁམས་རིག་པ་དང་འབྲེལ་བའི་ཐོག་ནས་སེམས་ཀྱི་ཞི་བདེ་སྒྲུབ་པ་ལ་མ་འདྲ་བ་ཞིག་རེད། ངོས་ཀྱི་ངོ་ཤེས་པའི་ནང་ཆོས་དད་ཆེན་པོ་ཡོད་མཁན་མང་པོ་ཡོད། ཡིན་ནའང་། སེམས་ཀྱི་ཞི་བདེ་ཇི་ལྟར་སྒྲུབ་དགོས་པའི་ཐོག་ལ་དཀོན་མཆོག་ལ་སྨོན་ལམ་བརྒྱབ་སྡོད་པ་ཙམ་མ་གཏོགས་སེམས་ཁམས་རིག་པ་དང་འབྲེལ་བའི་ཐོག་ནས་སྒྲུབ་པ་ནི་ནང་པ་སངས་རྒྱས་པའི་ཆོས་ལུགས་དང་། དེའི་ནང་ཚན་ནས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཟབ་ཤོས་ཆགས་འདུག དེང་སང་ཚན་རིག་པའི་ནང་ཆོས་དད་མེད་ནའང་སེམས་ཀྱི་ཞི་བདེ་སྒྲུབ་པ་ལ་ཐུགས་འདོད་གསར་པ་ཞིག་ཡོང་གི་ཡོད། སེམས་རྒྱུད་ཀྱི་ཞི་བདེ་དཀྲུགས་མཁན་ཆགས་སྡང་གཉིས་པོ་ཆགས་ཡོད་པས། ཆགས་སྡང་ཤུགས་ཆུང་དུ་གཏོང་དགོས།
གཙོ་བོ་སྙིང་རྗེའི་བློ་རེད། དབུ་མ་འཇུག་པ་ལས། གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཏོག་ཕུན་ཚོགས་འདིའི།། ས་བོན་དང་ནི་སྤེལ་ལ་ཆུ་འདྲ་ཡུན་རིང་དུ།། ལོངས་སྤྱོད་གནས་ལ་སྨིན་པ་ལྟ་བུར་འདོད་གྱུར་པ།། དེ་ཕྱིར་བདག་གིས་ཐོག་མར་སྙིང་རྗེ་བསྟོད་པར་བགྱི།། ཞེས་དཔལ་ལྡན་ཟླ་བ་གྲགས་པས་དབུ་མ་འཇུག་པའི་མཆོད་བརྗོད་དུ་སྙིང་རྗེ་ལ་བསྟོད་པ་གནང་ཡོད། སློབ་དཔོན་དབྱིག་གཉེན་ལ་སོགས་པ་སྔོན་གྱི་མཁས་པ་ཚོས་གཞུང་མཛད་པའི་ནང་དུ། རྟོག་པའི་དྲ་བ་རྣམ་བསལ་ཅིང་།། ཞེས་སོགས་ཀྱི་མཆོད་བརྗོད་མཛད་ཡོད་ཀྱང་། སྙིང་རྗེ་ཆེན་པོ་ལ་དམིགས་བསལ་གྱིས་མཆོད་བརྗོད་མཛད་མཁན་ནི་ཟླ་བ་གྲགས་པའི་གཞུང་འདི་རེད། སྙིང་རྗེ་ནི་ཧ་ཅང་གལ་ཆེན་པོ་རེད། དེ་ཡིས་ཆོས་དད་མེད་མཁན་དང་། དུད་འགྲོ་ཚུན་ཆད་ནས་ཕན་ཚུན་ལ་བརྩེ་བ་བྱེད་པ་དང་། རོགས་བྱེད་པ། གནོད་པ་མི་བྱེད་པ་ཞིག་ཡོང་གི་ཡོད་པས་སྙིང་རྗེ་ནི་ཧ་ཅང་གལ་ཆེན་པོ་རེད། དེང་གི་འཛམ་གླིང་འདིར་འཚེ་བ་ཆོས་སུ་སྨྲ་བ་ལྟ་བུ་ཆགས་ཡོད་པས་སྙིང་རྗེའི་བློ་ནི་ཧ་ཅང་གལ་ཆེན་པོ་རེད།
ངོས་རང་ལ་མཚོན་ན་ཞོགས་པ་ཡར་ལངས་པ་དང་སྙིང་རྗེའི་བློ་ལ་བསམ་བློ་གཏོང་གི་ཡོད། ནང་པ་སངས་རྒྱས་པའི་ཐུན་མོང་མ་ཡིན་པའི་འགྲོ་སྟངས་ནི་སྟོང་ཉིད་ཀྱི་ལྟ་བ་རེད། སྙིང་རྗེའི་བློ་དང་གཉིས་སུ་མེད་བློ། ཅེས་པ་ལྟར་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ལ་ངོས་ཀྱིས་ཉིན་ལྟར་བསམ་བློ་གཏོང་གི་ཡོད། དེས་སེམས་ལ་ཧ་ཅང་ཕན་གྱི་འདུག དངོས་གནས་སེམས་ལ་ཞི་བདེ་དེའི་ཐོག་ནས་ཡོང་གི་འདུག ངོས་ཀྱིས་འཆར་ཅན་ཞུ་བཞིན་པ་ལྟར། ཚེ་སྒྲུབ་ཀྱི་མཆོག་ཀྱང་རེད། སེམས་ལ་ཞི་བདེ་ཡོད་ན་སེམས་འཁྲུག་གི་མེད། སེམས་མ་འཁྲུག་ན་ལུས་ཀྱི་འབྱུང་བ་སྙོམས་ཤིང་། དེའི་ཐོག་ནས་མི་ཚེ་རིང་པོར་སྡོད་ཐུབ་པ་ཞིག་རེད། སེམས་ཀྱི་ཞི་བདེ་མེད་པར་འབྱུང་བ་འཁྲུག་ནས་ལུས་མ་བདེ་བ་ཆགས་ཡོང་སྐབས་ཟུར་དུ་ཚེ་སྒྲུབ་དང་ཚེ་རིལ་ཟ་བ་སོགས་ཡོང་གི་ཡོད་ཀྱང་། དེ་ཙམ་ནུས་པ་ཆེན་པོ་ཁག་པོ་རེད། སེམས་ཀྱི་ཞི་བདེ་ནི་ཚེ་སྒྲུབ་ཀྱི་མཆོག་རེད། ཅེས་སོགས་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་ནི་རིགས་པ་དང་ལྡན་པ་ཡིན་པའི་སྐོར་བཀའ་སྩལ་བ་དང་།
གཞན་ཡང་། ནཱ་ལེནྡྲའི་ཆོས་བརྒྱུད་རྒྱུ་མཚན་གྱི་ཐོག་ནས་བསམ་བློ་གཏོང་རྒྱུ་ཡོད་པའི་ཆོས་ཚུལ་འདི་ང་ཚོ་བོད་ཀྱི་རིག་གཞུང་ཐུན་མོང་མ་ཡིན་པ་ཞིག་ཆགས་ཡོད། ད་ལྟའི་བར་དུ་ང་ཚོས་བདག་པོ་བརྒྱབ་སྟེ། ཐོག་མར་སློབ་གཉེར། དེ་ནས་ཡང་ནས་ཡང་དུ་བསམ། མཐར་སྒོམ་པའི་ཐོག་ནས་བདག་པོ་རྒྱག་སྟངས་འདི་ནི་ཁ་ནས་བཤད་པ་ཙམ་མིན། དཔྱད་འཇོག་ཟུང་འབྲེལ་གྱི་ཐོག་ནས་སེམས་པ་ཡག་པོ་བཟོ་བའི་བསླབ་བྱ་བཟང་པོ་ཞིག་ཡོད་པ་འདི་ཕལ་ཆེར་འཛམ་གླིང་གི་སྤྱི་ནོར་རེད་ཅེས་བརྗོད་ཐུབ་ཀྱི་འདུག ང་ཚོས་ད་ལྟའི་བར་དུ་བདག་པོ་བརྒྱབ་པ་རེད། ད་དུང་ཡང་བདག་པོ་རྒྱག་རྒྱུ་གལ་ཆེན་པོ་རེད། ཆོས་ལ་བདག་པོ་བརྒྱབ་ཟེར་བ་ནི་ལྷ་ཁང་བཞེངས་པ་དང་། དངུལ་སྒོར་གསོག་པ་ལྟ་བུ་མ་རེད། བསམ་བློ་གཏོང་སྟངས་ཀྱི་ཐོག་ནས་སྙིང་རྗེ་གཙོ་བོར་བཞག་ནས་སེམས་ཀྱི་ཞི་བདེ་བཟོ་བ་ཞིག་ཡིན། དེ་ང་ཚོ་བོད་ཀྱི་རིག་གཞུང་གཙོ་བོ་ཞིག་རེད། ད་ལྟའི་བར་དུ་ཧ་ཅང་བདག་པོ་ཡག་པོ་བརྒྱབ་ཡོད། འཛམ་གླིང་འཁྲུག་ཆ་དོད་པོ་འདིར་སེམས་ཀྱི་ཞི་བདེ་གལ་ཆེན་པོ་ཡིན་པས་ཁོང་ཁྲོ་དང་ང་རྒྱལ་གྱིས་སེམས་ཀྱི་ཞི་བདེ་དཀྲུགས་ཀྱི་ཡོད། གཞན་ཕན་གྱི་བློ་ཡག་པོ་བྱུང་ན་སེམས་ཀྱི་ཞི་བདེ་ཡོང་བ་དང་། ལུས་ཀྱང་བདེ་བ་ཡོང་གི་ཡོད། ཅེས་དང་།
བྱམས་པ་དང་བརྩེ་བའི་ཐོག་ནས་ཕན་ཚུན་ལ་རོགས་བྱེད་པ་ནི་ཕལ་ཆེར་བོད་ཆོལ་ཁ་གསུམ་གྱི་ས་ཁུལ་དུ་ལྟོས་ས་ལྟོས་འཇོག་གིས་མིག་ལྟོས་ཡག་པོ་ཡོད་པ་ལྟ་བུ་འདུག རྒྱ་ཧོར་ཡུལ་སོགས་སུ་འཁྲུག་པ་རྒྱག་པ་དང་། གཅིག་གིས་གཅིག་ལ་བསམ་ནག་བྱེད་པ་ལྟ་བུ་ཡོང་གི་ཡོད། བོད་དུ་དབུས་གཙང་ཁུལ་དང་། ཁམས་ཁུལ། མདོ་སྨད་ཁུལ་བཅས་སུ་ཆོས་ཀྱི་བསླབ་བྱས་མི་སེམས་ལྷོད་ལྷོད་བཟོ་བ་ལ་ཏན་ཏན་ཕན་ཐོགས་ཡོང་ཡོད་པ་ལྟ་བུ་འདུག ང་ཚོ་ཚང་མས་བོད་ཀྱི་རིག་གཞུང་ལ་ད་ལྟའི་བར་དུ་བདག་པོ་བརྒྱབ་ནས་སྤྱི་ཡོངས་ཀྱི་མིག་ལྟོས་ཡག་པོ་ཡོད། བོད་པ་ཚོ་སེམས་བཟང་པོ་དང་གཤིས་ཀ་ཡག་པོ་ཡོད་པ་ལ་རྒྱ་མིའི་གྲོགས་པོ་ཚོས་ཀྱང་དགའ་བོ་བྱེད་ཀྱི་འདུག བོད་པའི་སེམས་རྒྱུད་བཟང་པོ་བྱེད་པའི་གཤིས་ཀ་འདི་ཧ་ཅང་གལ་ཆེན་པོ་རེད། ད་ལྟའི་བར་དུ་བདག་པོ་བརྒྱབ་པ་བཞིན་གལ་ཆེན་པོར་བརྩི་རྒྱུ་གལ་ཆེན་པོ་རེད། དེ་ཚང་མས་སེམས་ལ་ཞོག དུས་ཚོད་འགྱུར་བ་འགྲོ་བཞིན་ཡོད་ཀྱང་། སེམས་ཀྱི་ཞི་བདེ་ལ་འགྱུར་བ་འགྲོ་རྒྱུ་མེད། ཅེས་སོགས་མི་བཟང་པོ་ཞིག་བྱེད་པ་ཚང་མས་འགན་ཡིན་པ་སོགས་བཀའ་སློབ་ཟབ་རྒྱས་སྩལ་རྗེས་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་ཀྱི་ཆོས་འབྲེལ་དང་། མ་ཎི་བཤད་ལུང་བཀའ་དྲིན་སྩལ་ཞིང་། མཐར་མཐར་སྐྱེས་རབས་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་རྗེས། གཏིང་རག་གི་མཎྜལ་ཕུལ་ཏེ་ཆོ་འཕྲུལ་དུས་ཆེན་ཉིན་གྱི་ཆོས་འབྲེལ་གནང་སྒོ་ལེགས་པར་གྲུབ་ཡོད།