༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༡ ཉིན་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༨ ཕེབས་པའི་སྐུའི་འཁྲུངས་སྐར་སྔ་བསྣུར་གྱིས་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་ཆོས་ཚོགས་ནས་མགོན་པོ་གང་ཉིད་མཆོག་གི་འཁྲུངས་སྐར་སྲུང་བརྩིའི་ཆེད་རོལ་དབྱངས་འདུ་འཛོམས་དང་། ཐའེ་ཝན་དང་ཝི་ཏི་ནམ་སོགས་ཨེ་ཤི་ཡའི་རྒྱལ་ཁབ་འགའ་འདུ་འཛོམས་དང་དྲ་ལམ་བརྒྱུད་མཉམ་ཞུགས་གནང་ཡོད་པའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ལམ་བརྒྱུད་བཀའ་སློབ་སྩལ་ཡོད་པ་རེད།
དེ་ཡང་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཀའ་སློབ་སྩལ་དོན། དེ་རིང་འདིར་ཐའེ་ཝན་གྱི་ཆོས་གྲོགས་ཚོས་དམིགས་བསལ་གྱིས་གྲ་སྒྲིག་གནང་བ་ཡིན་པས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གང་ལྟར་ངོས་ཀྱི་ཚེ་རབས་མང་པོའི་ལས་བཟང་པོའི་འབྲས་བུར་དུས་རབས་འདི་འདྲ་ཞིག་ལ་མི་ལུས་ཤིག་ཐོབ་ནས་ཡོངས་སུ་རྫོགས་པའི་སངས་རྒྱས་ཀྱི་བསྟན་པ་ལ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་ཞིག་བྱས་ཏེ། འཛམ་གླིང་འདིར་ཆོས་དད་མེད་མཁན་ཚོར་ཡང་ཕན་ཐོགས་གང་འཚམ་ཡོང་ཐུབ་པ་དང་། ཆོས་དད་ཡོད་མཁན་ཚོར་ངོས་ཀྱི་སྒོ་གསུམ་གྱི་སྤྱོད་པ་འདི་ཆོས་པ་ཚོས་མིག་དཔེ་བལྟ་ས་བྱེད་བཞིན་ཡོད་པ་རེད།
ངོས་རང་ཆུང་ཆུང་སྐབས་ནས་ཨ་ར་པ་ཙ་བསགས་ཀྱི་ཡོད། སྐུ་འབུམ་དགོན་པའི་གྲྭ་ཕྲུག་ཚོས་ཨ་ར་པ་ཙ་བསགས་སྡོད་པ་ཞིག་ངོས་ཀྱི་དྲན་གྱི་འདུག ངོས་རང་དེ་དུས་ལོ་གཉིས་གསུམ་ཙམ་རེད། གྲྭ་ཕྲུག་ཚོས་ཨ་ར་པ་ཙ་བསགས་པ་ལ་ངོས་ཀྱིས་ལད་ཟློས་བྱས་ཏེ། ཨོཾ་ཨ་ར་པ་ཙ་ན་དྷཱིཿ ཞེས་ཆུང་ཆུང་སྐབས་ནས་འདོན་བཞིན་ཡོད། དེར་བརྟེན། ང་ཚོའི་སངས་རྒྱས་པའི་ཆོས་ལ་དད་པ་གལ་ཆེན་པོ་རེད་དེ། གཙོ་བོ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་བསམ་བློ་ཡག་པོ་ཞིག་བཏང་བའི་ཐོག་ནས་སྡེ་སྣོད་གསུམ་གྱི་དོན་ཤེས་པར་བྱེད་པ་དང་། དེ་བསླབ་པ་གསུམ་གྱི་ཉམས་ལེན་ལ་ཚུར་སྦྲེལ་ནས་བྱ་རྒྱུ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཡིན་པ་དང་། དེང་སང་གི་ཐ་སྙད་ལྟར་ན་ཚན་རིག་དང་མཐུན་པ་ཞིག་ཏན་ཏན་རེད་འདུག
མིའི་བསམ་བློར་ཇི་ལྟར་འགྱུར་བ་གཏོང་བ་དང་། སེམས་ལ་ཞི་བདེ་ཡག་པོ་ཞིག་བཟོ་ཐུབ་ན་སོ་སོའི་འཕྲོད་བསྟེན་ཡག་ཤོས་དང་། སེམས་ཀྱི་ཞི་བདེ་ཡོད་ན་ལུས་ཀྱི་འབྱུང་བ་ཆ་སྙོམས་ཤིང་། སེམས་ཀྱི་ཞི་བདེ་བརྒྱུད་ནས་ལུས་པོ་བདེ་ཐང་ཡོང་བ་ལ་ཕན་ཐོགས་ཡོང་བ་ཞིག་ངོས་རང་གི་ཉམས་མྱོང་ཐོག་ནས་བྱུང་། དེར་བརྟེན། དེ་རིང་འདིར་ཁྱེད་ཚོ་རུག་རུག་གིས་ཡོད་པ་ཚོར་ངོས་ཀྱིས་ཞུ་རྒྱུ་གཙོ་བོ་ནི་སེམས་པ་བཟང་པོ་བྱ་རྒྱུ་དེ་རེད། ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་སེམས་པ་བཟང་པོ་བྱ་རྒྱུ་ནི་སངས་རྒྱས་པའི་ཆོས་ཀྱི་བསླབ་བྱ་སྙིང་པོ་དེ་རེད་ལ། རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་པའི་ཐབས་ཡག་ཤོས་ཀྱང་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་ཆགས་འདུག ངོས་རང་གིས་བསམ་བློ་བཏང་ཡོང་སྐབས་སངས་རྒྱས་ཀྱི་གོ་འཕང་ནི་རྒྱུ་དང་རྐྱེན་ལ་བརྟེན་ནས་སྒྲུབ་དགོས་པ་ཞིག་དང་། ཁམས་བདེ་གཤེགས་སྙིང་པོ་ནི་ང་ཚོ་ཚང་མའི་རྒྱུད་ལ་ཡོད་པ་རེད། རང་རྒྱུད་དུ་ཡོད་པའི་ཁམས་བདེ་གཤེགས་སྙིང་པོའི་ནུས་པ་ཡར་གསལ་ནས་སྐྱོན་རྣམས་ངོ་ཤེས་པའི་ཐོག་ནས་གཉེན་པོ་སྐྱེས་པའི་སྟོབས་ཀྱིས་ཇེ་ཉུང་ཇེ་ཉུང་དུ་བཏང་བའི་ཐོག་ནས་རྒྱ་ཆེ་བ་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བར་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་ཐོག་ནས་བསམ་བློ་བཏང་ཡོང་སྐབས་དེ་དག་གིས་ཉམས་མྱོང་ཇེ་ཟབ་ཇེ་ཟབ་ཏུ་འགྲོ་བས་འཕྲལ་ཏུ་སེམས་ཞི་བདེ་ཡོང་ཐུབ།
ངོས་རང་ཞོགས་པའི་ཡར་ལངས་པ་དང་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་གཏོང་གི་ཡོད། ངོས་ཀྱིས་རེ་བ་ལ་ཞི་གནས་ཀྱི་ཉམས་ལེན་ཏོག་ཙམ་བྱུང་ན་ཐེག་ཆེན་སྦྱོར་ལམ་ཐོབ་ཐུབ་པའི་རེ་བ་རྒྱག་གི་ཡོད། སངས་རྒྱས་པའི་ཆོས་ཉམས་ལེན་བྱས་པའི་དགོས་དོན་ནི་རང་ཉིད་ལ་ཕན་ཐོགས་ཆེན་པོ་ཡོང་བ་ཞིག་དང་། དེ་དང་ཆབས་ཅིག་སོ་སོའི་ཉམས་མྱོང་གཞི་ལ་བཞག་ནས་ཆོས་གྲོགས་ཚོར་འགྲེལ་བཤད་རྒྱག་པ་དང་། ཆོས་དད་མེད་མཁན་ཚོར་ཡང་སེམས་པ་བཟང་པོ་བྱེད་དགོས་པ་དང་། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་བསམ་བློ་བཏང་ནས་བླང་དོར་འཇུག་ལྡོག་བྱེད་པ་མ་བརྟག་མ་དཔྱད་པར་གྱ་ཚོམ་གྱིས་བྱས་པ་མིན་པར་བརྟག་ཅིང་དཔྱད་ནས་རང་གཞན་ལ་ཕན་ཐོགས་པ་རྣམས་དང་དུ་ལངས་ནས་ཡར་རྒྱས་གཏོང་བ་དང་། རང་གཞན་ལ་ཕན་མི་ཐོགས་པའི་བློའི་རིགས་ལ་ག་ལེར་གཉེན་པོ་བརྟེན་ནས་ཤུགས་ཆུང་དུ་གཏོང་དགོས། ཅེས་དང་།
ངོས་རང་གིས་སྟོན་པ་བཀའ་དྲིན་ཅན་གྱི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་ཉམས་སུ་བླངས་པ་དེའི་བཀའ་དྲིན་གྱིས་སོ་སོའི་སེམས་སྐྱིད་པ་དང་། ལུས་བདེ་བ། ཐ་ན་གཉིད་ཀྱང་ཡག་པོ་ཁུག་གི་འདུག སེམས་ལྷོད་ལྷོད་གནས་ཚེ་དགོང་མོ་ཉལ་བའི་ཚེ་ན་གཉིད་ཀྱང་ཧ་ཅང་ཡག་པོ་ཁུག་གི་འདུག སེམས་ལ་དངངས་སྐྲག་དང་དགའ་མིན་དགའ་མདོག་གི་རྣམ་རྟོག་འདྲ་མིན་གང་ཡང་མེད་པར་གཞན་ཕན་བྱང་ཆུབ་ཀྱི་སེམས་ལ་རྩེ་གཅིག་ཏུ་བསམ་བློ་བཏང་ཡོང་དུས་སེམས་ལ་ཞི་བདེ་ཧ་ཅང་ཤུགས་ཆེན་པོ་ཞིག་ཡོང་གི་འདུག དེར་བརྟེན། ངོས་ཀྱི་གྲོགས་པོ་ཚོ་ལ་ཞུ་རྒྱུར། ངོས་ཀྱིས་ཉིན་རེ་བཞིན་དུ་ཉམས་ལེན་གཙོ་བོ་དེ་ལྟར་བྱེད་བཞིན་ཡོད། ཁྱེད་ཚོས་དེ་རིང་འདིར་དོ་གལ་ཆེན་པོས་དགའ་བཞིན་སྤྲོ་བཞིན་དུ་ངོས་ལ་ཐུག་ནས་སྐད་ཆ་བཤད་རྒྱུར་གོ་སྒྲིག་གནང་བ་རེད། དེ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གཙོ་བོ་ང་ཚོ་མི་ཚང་མ་གཅིག་མཚུངས་ཡིན་པས་ངོས་ཀྱི་ཉམས་མྱོང་འདིར་ཁྱོད་ཚོས་བསམ་བློ་ཡག་པོ་ཞིག་བཏང་བ་ཡིན་ན་ཁྱོད་ཚོར་ཕན་ཐོགས་བརྒྱ་ཆ་བརྒྱ་ཐམ་པ་རེད། དེར་བརྟེན། ཚང་མས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་ཉམས་བཞེས་གཟབ་གཟབ་ཡག་པོ་ཞིག་གནང་རོགས་ཞེས་ཞུ་རྒྱུ་ཡིན།
དེ་རིང་ངོས་རང་ལོ་ ༨༨ ལ་སླེབས་པའི་འཁྲུངས་སྐར་རྟེན་འབྲེལ་བྱས་ཏེ་ཁྱོད་ཚོ་དམིགས་བསལ་གྱིས་འཚོགས་པ་རེད། ངོས་ཀྱི་ད་ལྟའི་གཟུགས་པོའི་གནས་སྟངས་དང་། སེམས་ཀྱི་ཞི་བདེའི་ཆ་ནས་བསམ་བློ་བཏང་ཡོང་སྐབས་འབྱུང་འགྱུར་ལོ་བཅོ་ལྔ་ཉི་ཤུ་རིང་ངོས་རང་ཕལ་ཆེར་སྡོད་ཀྱི་རེད། དེ་བཞིན་རྨི་ལམ་ལའང་དཔལ་ལྡན་ལྷ་མོ་ངོས་ཀྱི་མཇིང་པའི་སྟེང་བཞུགས་ནས་ཁྱེད་རང་ལོ་བརྒྱ་དང་བཅུ་སྡོད་ཀྱི་རེད་ཅེས་གསུངས་པ་རྨི་ལམ་ཧ་ཅང་གསལ་པོ་ཞིག་བྱུང་། དེར་བརྟེན། ངོས་རང་ལོ་བརྒྱ་དང་བཅུ་སྐོར་ལ་སྡོད་པའི་མཚན་མ་ཧ་ཅང་བརྟན་པོ་འདུག ཅེས་སོགས་བཀའ་སློབ་སྩལ་ཡོད་པ་དང་། མཐར་མི་མང་མང་པོས་མཉམ་དུ་འཁྲུངས་སྐར་གྱི་གཞས་བཏང་ཞིང་། སྤྲི་ཀོར་བགོ་འགྲེམས་ཞུས་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་ཡོད་པའི་མྱུར་སྐྱོབ་སྣུམ་འཁོར་སྤྱན་རས་གཟིགས་ཨང་ ༩ ཞེས་པ་དེ་བཞིན་ཐའེ་པེ་གྲོང་ཁྱེར་ལ་ཕུལ་ཡོད།