༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༦ ཚེས་ ༢༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་ལྕམ་སྐུ་ཌོར་པཱ་ཌི་མུར་མའུ་Droupadi Murmu ལགས་དགུང་ལོ་ ༦༥ ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲི་མཛད་ཡོད།
དེ་ཡང་མཚམས་འཕྲིན་ནང་མགོན་པོ་མཆོག་གིས། སྐུ་ཉིད་ཀྱིས་མངའ་ཐང་ཆེ་ཞིང་གནའ་བོའི་རྒྱལ་ཁབ་འདི་ཉིད་དབུ་ཁྲིད་པར་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། སྙིང་རྗེ་དང་འཚེ་བ་མེད་པའི་ལམ་སྲོལ་ལྡན་པའི་རྒྱ་གར་འཕགས་པའི་ཡུལ་ནི་འཛམ་གླིང་གི་ཡུལ་གྲུ་གཞན་མང་པོའི་མིག་དཔེར་གྱུར་ཡོད་པ་མ་ཟད། རྒྱལ་ཁབ་འདིའི་ནང་དུ་མཚོན་ན་ཆོས་ལུགས་སྣ་ཚོགས་ཀྱི་རྗེས་འཇུག་མི་མང་ཞི་བདེ་འཆམ་མཐུན་ངང་མཉམ་གནས་བྱེད་ཀྱི་ཡོད། ལོ་ངོ་སྟོང་ཕྲག་ལྷག་གི་རིན་ཐང་དང་ལམ་སྲོལ་དེ་དག་ལ་བརྟེན་ནས་རྒྱ་གར་ནང་མང་གཙོ་དང་། ཁྲིམས་ཀྱི་དབང་བསྒྱུར། རང་དབང་གོང་འཕེལ་དུ་ཕྱིན་ཡོད་པ་རེད།
སྐུ་ཉིད་ཀྱིས་རྒྱ་གར་གྱི་ཁྱད་དུ་འཕགས་པའི་རང་བཞིན་མངོན་པར་མཚོན་ཐུབ་སྟེ། རྒྱ་གར་ནང་དུ་མཐའ་འཁོབ་གྲོང་གསེབ་ཅིག་གི་མི་སེར་དཀྱུས་མ་ཞིག་ལ་རྒྱལ་ཁབ་ཀྱི་དབུ་ཁྲིད་དུ་འགྱུར་རྒྱུའི་གོ་སྐབས་ཡོད་པ་གསལ་སྟོན་གནང་ཡོད། ང་ཚོ་བོད་མི་ཚོས་རྒྱ་གར་ནི་འཕགས་པའི་ཡུལ་ཞེས་ནང་པ་སངས་རྒྱས་པའི་འབྱུང་ཁུངས་སུ་ངོས་འཛིན་གྱིས་བརྩི་མཐོང་ཆེན་པོ་བྱེད། ཕྱི་ལོའི་དུས་རབས་བརྒྱད་པ་ནས་བཟུང་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱིས་བོད་མིའི་འཇིག་རྟེན་ལྟ་ཕྱོགས་ལ་ཤུགས་རྐྱེན་གང་ཆེ་སྤྲད་ཡོད་ཅིང་། དེ་དང་འབྲེལ་ཏེ་བོད་མིའི་མཁས་པ་ཞིག་གིས་བོད་གངས་ཅན་གྱི་ལྗོངས་སུ་ནང་པ་སངས་རྒྱས་པའི་འོད་སྣང་མ་འཆར་བར་དུ་བོད་ཡུལ་མུན་པའི་གླིང་དུ་གནས་ཞེས་གསུངས་པར་གྲགས།
དེང་གི་དུས་སུ་འཛམ་གླིང་ལ་དཀའ་ངལ་སྣ་ཚོགས་ཤིག་འཕྲད་བཞིན་ཡོད་ལ། སྐབས་མཚམས་འདིར་ཐུན་མོང་གི་བདེ་དོན་སླད་གནའ་དེང་གི་ཤེས་རིག་ཟུང་དུ་སྦྲེལ་ཐུབ་མཁན་རྒྱ་གར་ཁོ་ན་མཐོང་གི་འདུག དེས་ན། ངོས་ཀྱིས་འཛམ་གླིང་ཁྱོན་ཡོངས་སུ་གཞོན་སྐྱེས་རྣམས་ལ་རྒྱ་གར་གྱི་སེམས་ཁམས་རིག་པའི་སྐོར་གོ་རྟོགས་རྒྱ་གང་ཆེ་སྤེལ་གྱི་ཡོད།
འདི་ལོ་ང་ཚོ་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་ ༦༤ འཁོར་གྱི་ཡོད་ཅིང་། ད་བར་ང་ཚོ་བོད་མི་ཚོར་རྒྱ་གར་གཞུང་དམངས་གཉིས་ནས་བྱམས་སྐྱོང་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན། ད་ཆ་རྒྱལ་སྤྱིའི་མི་མང་གིས་རྒྱ་གར་ནི་མང་གཙོ་ཆེ་ཤོས་དང་འཛམ་གླིང་གི་མི་འབོར་མང་ཤོས་ཡིན་པའི་གནས་བབ་ཤེས་ཤིང་རྟོགས་ཀྱི་ཡོད་སྟབས། ང་ཚོས་རྒྱ་གར་གྱི་སྟོབས་ཤུགས་དང་འཛམ་གླིང་གི་འགོ་ཁྲིད་དུ་འབུར་དུ་ཐོན་བཞིན་པར་དགའ་བཞིན་སྤོབས་པ་བྱེད་ཀྱི་ཡོད། ཅེས་དང་།
མཐར་མགོན་པོ་གང་ཉིད་མཆོག་གིས་ཐུགས་སྨོན་དང་བཅས་རྒྱ་གར་གྱིས་སྔར་ལས་ལྷག་པའི་ཞི་བདེ་དང་བྱམས་བརྩེ་ལྡན་པའི་འཛམ་གླིང་སྐྲུན་པར་ཞབས་འདེགས་རླབས་ཆེ་སྒྲུབ་ཐུབ་པའི་ཐུགས་ཆེས་ཡོད་སྐོར་བཀའ་སྩལ་ཡོད།