༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༣༡ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་ས་ནང་ཆོས་གོ་སྒྲིག་ཚོགས་ཆུང་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བོད་རིགས་གཞོན་སྐྱེས་གཙོ་བོར་གྱུར་པའི་དད་ལྡན་ཆོས་ཞུ་བ་ཡོངས་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྗེས་གནང་བཀའ་དྲིན་སྩལ་ཡོད་པ་རེད།
དེ་ཡང་ཞོགས་པ་ཆུ་ཚོད་༧།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་ནས་སྤོས་སྣེས་མདུན་བསུ་དང་བཅས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་གསུང་ཆོས་ཞུ་མཁན་གཞོན་སྐྱེས་ཁག་ཅིག་གིས་རྟགས་གསལ་གཟིགས་འབུལ་དང་། ཆོས་ཞུ་བ་ཡོངས་ནས་ཤེས་རབ་སྙིང་པོ་གསུང་འདོན་གྲུབ་མཚམས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན།
དེ་རིང་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྗེས་གནང་རེད། རིགས་གསུམ་མགོན་པོ་ཞེས་སྤྱན་རས་གཟིགས། འཇམ་པའི་དབྱངས། ཕྱག་རྡོར་བཅས་ང་ཚོས་རྩ་ཆེན་པོར་རྩི་བཞིན་ཡོད་པ་རེད། མགོན་པོ་འཇམ་པའི་དབྱངས་ནི་ཤེས་རབ་ཀྱི་ལྷ་རེད། ངོས་རང་ཆུང་ཆུང་སྐབས་སུ་སྐུ་འབུམ་གྱི་རྗེ་རིན་པོ་ཆེའི་གསེར་སྡོང་ཡོད་ས་ལ་ཕྱིན་པའི་སྐབས་སུ་གྲྭ་པ་ཆུང་ཆུང་ཚོས་གསེར་སྡོང་ཆེན་མོའི་མདུན་དུ་ཕྱག་འཚལ་བཞིན་ཨོཾ་ཨ་ར་པ་ཙ་ན་དྷིཿ་ཞེས་ཧ་ཅང་བགྲང་གི་འདུག ངོས་ཀྱིས་ཀྱང་ཅུང་ཙམ་ཅུང་ཙམ་བགྲང་མྱོང་། བོད་དུ་སྐྱ་སེར་མཆོག་དམན་མེད་པར་འཇམ་པའི་དབྱངས་ཀྱི་གཟུངས་སྔགས་འདོན་བཞིན་ཡོད། དེ་ཧ་ཅང་གལ་ཆེན་པོ་རེད། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་གོང་ནས་གོང་དུ་འཕེལ་བ་ཞིག་མ་བྱུང་ན་སྤྱིར་བླང་དོར་གྱི་གནད་གང་དང་གང་ཡིན་ཡང་། ཐེ་ཚོམ་མམ་རོབ་ཙམ་མ་གཏོགས་གསལ་པོ་མ་ཡོང་བ་ཞིག་རེད། རིག་པ་གསལ་པོ་ཡོད་ན་ཆོས་དང་འཇིག་རྟེན། གང་ལྟར་བྱ་བ་གང་དང་གང་ལ་ཡིན་ནའང་བརྟག་དཔྱད་བྱེད་སྐབས་བདེན་དོན་གསལ་བོ་ཆགས་ཡོང་བ་ཞིག་རེད། དེར་བརྟེན། ཤེས་རབ་ཀྱི་ལྷ་རྗེ་བཙུན་འཇམ་པའི་དབྱངས་ནི་ཧ་ཅང་རྩ་ཆེན་པོ་རེད།
ངོས་ཆུང་ཆུང་སྐབས་ནས་ཕྲུ་གུ་ཆུང་ཆུང་ཚོས་ཨོཾ་ཨ་ར་པ་ཙ་ན་དྷིཿ་ཞེས་འདོན་སྡོད་པ་ཧ་ཅང་གསལ་བོ་དྲན་གྱི་འདུག དེ་དུས་ངོས་རང་ལོ་གསུམ་བཞི་ཙམ་རེད། ངོས་ཀྱང་ཁོ་ཚོའི་ལད་ཟློས་བྱས་པ་ཡིན། ཕྲུ་གུ་ཕྱག་འཚལ་མཁན་ནང་དུ་ངོས་ནས་མཐོང་མ་འདོད་པ་ལྟ་བུ་ཞིག་ཡོད། དེ་ལ་མ་དགའ་བའི་རྣམ་འགྱུར་བསྟན་པར་ཁོ་རང་ཐོན་ཕྱིན་ཏེ། ཁང་པ་ཆུང་ཆུང་ཞིག་གི་ནང་དུ་འཛུལ་ནས་སྒོ་བརྒྱབ་སོང་། ངོས་རང་སྒོ་འགྲམ་དེ་ནས་གོ་ཐལ་མང་ཙམ་ཡར་བྱོ་བ་ཡིན། དེ་དུས་ཧ་ཅང་ཆུང་ཆུང་རེད། དེ་དུས་སྐུ་འབུམ་དུ་ཨ་ར་པ་ཙ་བགྲང་སྟེ་ཕྱག་འཚལ་མཁན་མང་པོ་ཡོང་གི་འདུག ངོས་རང་དེ་ལ་དོ་སྣང་བྱུང་།
ཨོཾ་ཨ་ར་པ་ཙ་ན་དྷིཿ་ཞེས་པའི་སྔགས་འདི་དངོས་གནས་བྱིན་རླབས་ཆེན་པོ་རེད། རྗེ་བཙུན་འཇམ་པའི་དབྱངས་སྒྲུབ་ཐབས་ཕྱི་སྐོར། ནང་སྐོར། གསང་སྐོར་སོགས་ཧ་ཅང་མང་པོ་ཡོད་པ་རེད། ངོས་ཀྱིས་འཇམ་དབྱངས་ཆོས་སྐོར་རྒྱུད་སྡེ་གོང་འོག་གི་ཐོག་ནས་མི་འདྲ་བ་ཡོད་པ་ཕལ་ཆེར་ཆ་ཚང་ངོས་ལ་ཐོབ་ཡོད། ཉིན་རེ་བཞིན་དུ་ཡར་ལངས་པ་དང་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་། ཐུན་དྲུག་གི་སྔགས་མ་བཏོན་གོང་ལ་ཨ་ར་པ་ཙ་ཞོགས་པ་རེ་བཞིན་བགྲང་གིན་ཡོད། ཤེས་རབ་ཆེ་བ། ཤེས་རབ་གསལ་བ། ཤེས་རབ་མྱུར་བ། དེ་བཞིན་འཆད་པའི་ཤེས་རབ། རྩོད་པའི་ཤེས་རབ། རྩོམ་པའི་ཤེས་རབ་སོགས་མང་པོ་འདུག སྤྱིར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་རེད་དེ་སྡེ་ཚན་སོ་སོའི་ནང་དུ་དམིགས་བསལ་གྱི་ཤེས་རབ་ཅིག་ཡོད་པས་འཆད་པའི་ཤེས་རབ་སོགས་ནང་གསེས་ཀྱི་བྱེད་ལས་མི་འདྲ་བ་ཡོད། ངོས་རང་ལ་ཆ་བཞག་ན་གོང་དུ་བཤད་མ་ཐག་པ་ལྟར་ཆུང་ཆུང་སྐབས་ནས་རྗེ་བཙུན་འཇམ་པའི་དབྱངས་ཟེར་དུས་སེམས་ཐག་ཉེ་བོ་ཞིག་ཡོད། ཆུང་ཆུང་སྐབས་ནས་ཨ་ར་པ་ཙམ་བགྲང་གི་ཡོད། ད་ལྟ་ལོ་བརྒྱད་ཅུ་གྱ་གྲངས་ནང་སླེབས་ནས་བལྟ་དུས་རྗེ་བཙུན་འཇམ་པའི་དབྱངས་ལྷག་པའི་ལྷ་ལ་བསྟེན་ནས་དེའི་གཟུངས་སྔགས་ཨོཾ་ཨ་ར་པ་ཙ་ན་དྷིཿ་ཞར་ཞོར་ལ་བགྲང་ནས་རྗེ་བཙུན་འཇམ་པའི་དབྱངས་ལ་གསོལ་བ་བཏབ་པ་དེས། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་གོང་ནས་གོང་དུ་འཕེལ་བ་ལ་ཕན་ཐོགས་བྱུང་བ་མཐོང་གི་འདུག དེར་བརྟེན། ཆོས་གྲོགས་གཞོན་སྐྱེས་ཚོས་རྗེ་བཙུན་འཇམ་པའི་དབྱངས་ལ་བསྟེན་ནས་ཨ་ར་པ་ཙ་བགྲང་ནས་སོ་སོའི་སློབ་སྦྱང་གང་གི་ཐོག་ལ་ཡིན་ནའང་། རྗེ་བཙུན་འཇམ་པའི་དབྱངས་ཀྱི་བྱིན་རླབས་ཐོག་ནས་རིག་པ་ཡག་ཏུ་ཕྱིན་པ་ཡིན་ན་ག་རེ་ཡིན་ནའང་ལས་སླ་བོར་ཤེས་ཐུབ་པ་ཞིག་རེད།
སྔ་མོ་ངོས་རང་བོད་ན་ཡོད་སྐབས་ནས་དོ་སྣང་བྱུང་ལ། ང་ཚོའི་དགེ་བཤེས་དང་མཚན་ཞབས་ནང་དུའང་ཡོད་པ་རེད། བརྩོན་འགྲུས་ཧ་ཅང་ཆེན་པོ་ཡིན་ནའང་རིག་པ་རྣོ་བོ་མེད་དུས་དཀའ་ལས་ཆེན་པོ་བརྒྱབ་ཀྱང་། གྲུབ་འབྲས་དེ་ཙམ་མི་འདུག ངོས་རང་དཀའ་ལས་དེ་ཙམ་རྒྱག་གི་མེད། ཡིན་ནའང་། བསམ་བློ་བཏང་ཡོང་སྐབས་ངོས་རང་ཆུང་ཆུང་སྐབས་ནས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་བྱིན་རླབས་ཏན་ཏན་རེད། རྩ་བ་ཚེ་རབས་མང་པོའི་བག་ཆགས་ཤིག་ཀྱང་ཡོད་ཀྱི་རེད། ཚེ་འདི་ཡི་དབང་དུ་བྱས་པ་ཡིན་ན་ཆུང་ཆུང་སྐབས་ནས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་བྱིན་རླབས་ཞུགས་ཡོད་པ་ཞིག་རེད། གཞོན་ནུའི་སྐུ་ལུས་འཆང་བ་པོ།། ཡེ་ཤེས་སྒྲོན་མེས་རབ་ཏུ་བརྒྱན།། འཇིག་རྟེན་གསུམ་གྱི་མུན་སེལ་བ།། ཞེས་གསུངས་པ་ལྟར། སྲིད་པ་གསུམ་གྱི་སེམས་ཅན་རྒྱུད་ཀྱི་མ་རིག་པའི་མུན་པ་སེལ་བའི་འཕྲིན་ལས་ཐུན་མོང་མ་ཡིན་པ་ཡོད་པ་ཞིག་རེད།
རྗེ་བླ་མ་ཙོང་ཁ་པ་ཆེན་པོ་ཡོངས་གྲགས་སུ་འཇམ་པའི་དབྱངས་ཀྱི་དམིགས་བསལ་གྱི་བྱིན་རླབས་ཕོག་ཡོད་པའི་གང་ཟག་ཁྱད་པར་ཅན་ཞིག་ཡིན་པ་ཧ་ཅང་གསལ་བོ་རེད། རྗེ་རིན་པོ་ཆེ་འཁྲུངས་ས་དང་ངོས་རང་སྐྱེ་ས་ཐག་ཉེ་བོ་རེད། དེར་བརྟེན། རྗེ་རིན་པོ་ཆེའི་བསྟོད་བསྔགས་དེ་འདྲ་ཐོས་སྐབས་རྗེ་རིན་པོ་ཆེ་དང་ངེད་གཉིས་ཕ་ཡུལ་གཅིག་པ་ཡིན་བསམ་པ་རྟག་པར་དྲན་གྱི་ཡོད། རྗེ་རིན་པོ་ཆེས་སྐབས་དེའི་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་གཞུང་རྣམས་ལ་གཟིགས་པ་དང་། བཀའ་འགྱུར་བསྟན་འགྱུར་ཚང་མར་གཟིགས་ནས་ཧ་ལས་པ་ཞིག་རེད། ཡིན་ནའང་། དེ་དུས་ཚན་རིག་དར་ཡོད་པ་མ་རེད། ནུབ་ཕྱོགས་པའི་ཤེས་ཡོན་ཡོད་པ་མ་རེད། ད་ལྟ་ངོས་རང་རྗེ་རིན་པོ་ཆེའི་ཕ་ཡུལ་གཅིག་པ་མིང་ལ་ལྷ་མོ་དོན་གྲུབ་ཟེར་བ། ད་ལྟའི་འཛམ་གླིང་གི་ཤེས་ཡོན་འདྲ་མིན་མང་པོ་ཞིག་ཐོས། ཐོས་པ་ཙམ་དུ་མ་ཟད་མཁས་དབང་ཚོའི་མཉམ་དུ་གོ་བསྡུར་བྱེད་ཀྱི་ཡོད། གང་ལྟར་རང་བཞིན་ལྷན་སྐྱེས་ཀྱི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་གསལ་བོ་ཞིག་ཡོད་པའི་ཐོག་ལ་རྐྱེན་འཛམ་གླིང་ཕྱི་ནང་གང་ས་ནས་ཤེས་ཡོན་སྣ་མང་ལ་གོ་བསྡུར་བྱེད་པ་དང་། འགྲེལ་བཤད་བྱེད་པ་ཡོང་གི་འདུག དེར་བརྟེན། རྗེ་བཙུན་འཇམ་པའི་དབྱངས་ཀྱི་རལ་གྲི་དེའི་འོད་ཇེ་ཆེ་ཇེ་ཆེར་འཕྲོ་སྡོད་པ་ཞིག་ཆགས་ཡོད་པ་རེད། ཅེས་སོགས་བཀའ་སློབ་སྩལ་བ་དང་། སློབ་གྲྭ་ཁག་གི་སློབ་ཕྲུག་གཙོ་བོར་བྱས་ཏེ་འཇམ་དབྱངས་ཨ་ར་པ་ཙ་ནའི་རྗེས་གནང་སྐབས་མགོན་པོ་གང་ཉིད་མཆོག་ལ་སྟོང་ཉིད་ཀྱི་ལྟ་བ་དང་། བྱང་ཆུབ་ཀྱི་སེམས་བཅོས་མ་མིན་པ་འཁྲུངས་ཡོད་སྐོར་སོགས་བཀའ་སློབ་བཀའ་དྲིན་སྩལ་བ་དང་། མཐར་བོད་ཁྱིམ་སློབ་གྲྭ་ཁག་གཙོས་སློབ་གྲྭ་ཁག་གི་འཐུས་ཚབ་གཞོན་ནུ་ཁག་ཅིག་གི་དྲི་བར་བཀའ་ལན་སྩལ་ཡོད།
འདིའི་ལོར་བོད་རིགས་གཞོན་ནུ་རྣམས་གཙོ་བོར་བྱས་པའི་འཛམ་གླིང་རྒྱལ་ཁབ་ཁག་དྲུག་ཅུ་རེ་གཉིས་ནས་ཆོས་ཞུ་བ་དྲུག་སྟོང་ལྷག་དང་། མཐོ་སློབ་ཁག་བཅོ་བརྒྱད་དང་བོད་ཁྱིམ་སློབ་གྲྭ་ཁག་དྲུག རྡ་རམ་ས་ལའི་ནང་ཆོས་འཛིན་གྲྭའི་སློབ་ཕྲུག་སོགས་ཁྱོན་བསྡོམས་ཉིན་གཉིས་རིང་གི་ཆོས་འབྲེལ་ལ་ཆོས་ཞུ་བ་བདུན་སྟོང་ལྔ་བརྒྱ་བརྒལ་བ་དངོས་སུ་རྡ་རམ་ས་ལར་ཆེད་ཕེབས་གནང་ཡོད་པ་དང་། དྲ་ལམ་བརྒྱུད་སྐད་རིགས་ཁག་བཅོ་ལྔ་ལ་གསུང་བསྒྱུར་གྱིས་ཐད་གཏོང་ཞུས་ཡོད་པ་ནས་འཛམ་གླིང་ཤར་ནུབ་གང་ས་ནས་གསུང་ཆོས་ཞུ་མཁན་ཁྲི་ཕྲག་བརྒལ་བ་ཡོད་པ་བཅས།། །།