༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མ་སུ་རི་གཏན་སློབ་དང་བོད་ཁྱིམ་དགེ་ལས་སློབ་ཕྲུག་དང་སློབ་ཟུར། པན་ཆ་མ་རི་གཏན་སློབ་དང་ལག་ཤེས་བཟོ་གྲྭ་གཉིས་ཀྱི་ལས་སློབ་ཟུར་པ་བཅས་ནས་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།
དེ་ཡང་ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༡ ནས་ ༥ བར་ཉིན་ལྔའི་རིང་རྡོ་རྗེ་སློབ་དཔོན་༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་རྗེ་བཙུན་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་མཆོག་དང་། སྔགས་འཆང་འོད་ཟེར་རྡོ་རྗེ་རིན་པོ་ཆེ་རྣམ་གཉིས་དབུ་བཞུགས་ཀྱིས་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་འདུས་ཚོགས། རྡ་ས་ཁུལ་གྱི་བསྙེན་མཚམས་པ་བཅས་ཆོག་གྲྭ་དགེ་འདུན་ཞལ་གྲངས་ ༤༠ སྐོར་ནས་སྐུའི་ཚེ་སྒྲུབ་སྔོན་དུ་བཏང་སྟེ། ཚེས་ ༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧།༣༠ ཡོལ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་བསྐྱངས་པ་དང་། སྐབས་དེར་ཕོ་བྲང་གཟིམ་སྒོ་ནས་རྣམ་གྲྭའི་སྤྱན་རྒྱ་སྤོས་འཛིན་དང་། སྦྱིན་བདག་མི་འཐུས་པན་ཆ་མ་རི་སློབ་ཟུར་ངོ་ཚབ། མ་སུ་རི་སློབ་ཁྱིམ་དྲུང་ཆེ་སོགས་ནས་སྤོས་སྣེ་དང་། མ་སུ་རི་བོད་ཁྱིམ་སློབ་ཕྲུག་རྣམས་ནས་བཀྲ་ཤིས་ཞོལ་པ་དང་ལྷ་མོའི་འདོན་བཅས་ཀྱིས་ཕེབས་བསུ་ཞུས་ཏེ། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གདན་འདྲེན་ཞུས།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་དབུ་བཞུགས་རྡོ་རྗེ་སློབ་དཔོན་ཀུན་བདེ་གླིང་རིན་པོ་ཆེ་མཆོག་ནས་མཇལ་དར་རྐྱང་འབུལ་ཞུས་པ་དང་། ༸གོང་ས་མཆོག་གིས། ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་དང་།། ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས།། ཐེག་པ་མཆོག་ལ་ངེས་པར་འབྱུང་འགྱུར་པའི།། བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། གང་ཚེ་ཐེག་པ་མཆོག་ལ་ཆོས་སྤྱོད་བཅུས།། ཚུལ་བཞིན་སྒྲུབ་ལ་བརྩོན་པ་དེ་ཡི་ཚེ།། མཐུ་ལྡན་རྣམས་ཀྱིས་རྟག་ཏུ་གྲོགས་བྱེད་ཅིང༌།། བཀྲ་ཤིས་རྒྱ་མཚོས་ཕྱོགས་ཀུན་ཁྱབ་གྱུར་ཅིག། ཞེས་ཐུགས་སྨོན་གནང་རྗེས་ཚོགས་མང་གིས་ཚིག་བདུན་གསོལ་འདེབས་དང་གུ་རའི་ཐུགས་དམ་གནད་སྐུལ། ༸རྒྱལ་བའི་འཁྲུངས་རབས་གསོལ་འདེབས་བཅས་གསུང་མུར་གསོལ་ཇ་འབྲས་སིལ་ཕེབས་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།
དེ་རིང་འདིར་བརྟན་བཞུགས་ཤིག་གནང་གི་ཡོད་པ་རེད། འདིར་ལུས་པོ་ཡོད་པ་ང་ཚོ་བཙན་བྱོལ་བ་ཉུང་ཤོས་ཤིག་ཆགས་ཡོད། ཡིན་ནའང་། བསམ་བློའི་ཐོག་ནས་ཆོལ་ཁ་གསུམ་གྱི་བོད་མི་ཚང་མས་ངོས་ལ་བློ་རྩེ་གཏད་ནས་བསྡད་ཡོད་པ་དང་། བོད་མི་ཙམ་དུ་མ་ཟད་རྒྱ་རིགས་དང་སོག་རིགས། གང་ལྟར་རྒྱ་ཧོར་བོད་གསུམ་དུ་༸རྒྱལ་བ་རིན་པོ་ཆེ་ལ་དགའ་མོས་བྱས་ཏེ། ༸རྒྱལ་བ་རིན་པོ་ཆེ་ཚེ་རིང་པོར་སྡོད་ཐུབ་པ་ཞིག་དང་། རྒྱ་ཧོར་བོད་གསུམ་གྱི་ས་ཁུལ་དུ་དེ་སྔ་སངས་རྒྱས་པའི་ཆོས་དར་ཞིང་། བར་སྐབས་ཏོག་ཙམ་ཉམས་པ་རྣམས་ཉམས་པ་སོར་ཆུད་དང་། མི་ཉམས་གོང་འཕེལ་ཡོང་ཐུབ་པའི་རེ་བ་རྩེ་གཅིག་ཏུ་ཡོད་པ་ཞིག་ཆགས་ཡོད། དེ་བཞིན་ཧི་མ་ལ་ཡའི་རི་རྒྱུད་དུ་དངོས་གནས་ངོས་ལ་དད་མོས་དང་དགའ་ཞེན་རྩེ་གཅིག་ཏུ་བྱེད་མཁན་ཧ་ཅང་ཆེན་པོ་ཞིག་འདུག ངོས་རང་ལ་ཆ་བཞག་ན་བྱང་ཆུབ་ཀྱི་སེམས་སྒོམ་བཞིན་ཡོད། བྱང་ཆུབ་ཀྱི་སེམས་ཀྱིས་ཁ་ཡོད་ལག་ཡོད་ཏུ་མི་ལ་ཕན་ཐོགས་བྱ་རྒྱུ་ནི། དད་པ་དང་དམ་ཚིག་ཡོད་པའི་མི་རྣམས་ལ་འབྲེལ་བ་ཡོད། དེར་བརྟེན། ཁྱེད་རང་ཚོས་འདིར་ལྷག་བསམ་རྣམ་དག་གིས་བརྟན་བཞུགས་གནང་བ་རེད།
ངོས་རང་ལ་རྒྱ་ཧོར་བོད་གསུམ་གྱི་ཆོས་དད་ཡོད་མཁན་ཚོ་གཙོ་བོར་གྱུར་པའི་འཛམ་གླིང་འདིའི་སྟེང་དེ་སྔ་སངས་རྒྱས་པའི་ཆོས་དང་འབྲེལ་བ་མེད་པའི་མི་མང་པོ་ཞིག་གིས་དགའ་བོ་བྱེད་པ་དང་། མདོར་ན་ཚན་རིག་པའི་ནང་དུའང་དགའ་བོ་བྱེད་མཁན་མང་པོ་ཡོང་གི་འདུག རྒྱ་མི་ལ་ཆ་བཞག་ན་གུང་ཁྲན་ཏང་ཡོན་གྱི་ནང་ནས་ངོས་ལ་དགའ་མོས་བྱེད་མཁན་དེ་འདྲའང་ཤུགས་ཆེན་པོ་འདུག ངོས་རང་འཚོ་བ་ནི་རང་ཉིད་གཅིག་པུའི་ཆེད་དུ་མིན་པར། ཆོལ་ཁ་གསུམ་གྱི་རྒྱ་ཆེའི་མི་མང་དང་། འཛམ་གླིང་འདིའི་སྟེང་གི་མི་མང་པོ་ཞིག་གིས་བློ་རྩེ་གཏོད་ས་བྱས་ཏེ་དགའ་བོ་བྱེད་ཀྱི་ཡོད་པས་ཚེ་རིང་དུ་སྡོད་ཐུབ་པ་ཞིག་ལ་སྨོན་ལམ་རྒྱག་གི་ཡོད་ལ། དེ་རིང་འདིར་ཚེ་ཆོག་གནང་བ་དེ་ལྟར་རེད། ཁྱོད་རང་ཚོས་ཐུགས་སྨོན་མཚམས་སྦྱོར་རྒྱ་གང་ཆེ་གནོངས། ངོས་རང་ལ་ཚེ་རིང་པོར་སྡོད་ཐུབ་པའམ། ལོ་བརྒྱ་ལྷག་གམ་བརྒྱ་དང་བཅུ་ལ་སྡོད་ཐུབ་པར་སེམས་ཤུགས་ཡོད་ལ་སྨོན་ལམ་རྒྱག་གི་ཡོད། གང་ལྟར་བསྟན་པ་དང་འགྲོ་བའི་དོན་དུ་ཕྱོགས་གང་ཅིའི་ཐད་ནས་ཕན་ཐོགས་ཡོང་ཐུབ་པ་ཞིག་ལ་ངོས་ཀྱིས་སེམས་ཤུགས་བསྐྱེད་ཡོད། ངོས་རང་གི་གཟུགས་པོར་ཆ་མཚོན་ན་ཧ་ཅང་བདེ་ཐག་ཆོད་ཡོད། མ་བདེ་བ་གང་ཡང་མི་འདུག པུས་མོར་ཏོག་ཙམ་དཀའ་ངལ་འདུག་མ་གཏོགས་ཨབ་ཏང་ཚད་དགོས་བྱུང་ན་ཨབ་ཏང་ཚད་ཐུབ་པ་ཞིག་ཡོད།
དེ་རིང་འདིར་དངོས་སུ་ཡོད་པ་ཚོ་དང་གཞིས་ལུས་རྒྱ་ཆེའི་མི་མང་ཆོལ་ཁ་གསུམ་གྱི་བོད་མི། རྒྱ་རིགས་མི་མང་། དེ་བཞིན་འཛམ་གླིང་འདིར་ཆོས་ཙམ་མ་ཡིན་པར་སེམས་པ་བཟང་པོའི་ཐོག་ནས་མི་ཚེ་བསྐྱལ་རྒྱུར་འདོད་པ་ཡོད་མཁན་མང་པོ་ཞིག་གིས་ངོས་ལ་དགའ་མོས་བྱེད་ཀྱི་ཡོད་པས་ཚེ་རིང་པོར་གནས་ཐུབ་པ་བྱུང་ན་མི་མང་པོ་ཞིག་ལ་ཕན་ཐོགས་ཡོང་ཐུབ་པ་མཐོང་གི་འདུག རང་གཞན་དོན་ནི་རབ་སྒྲུབ་ཕྱིར།། བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི།། བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱི་ནས།། སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར།། བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི།། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག། ཅེས་གསུངས་པའི་སེམས་བསྐྱེད་ཉིན་རེ་བཞིན་འདོན་བཞིན་ཡོད་ལ་སྒོམ་གྱི་ཡོད། དེ་རིང་འདིར་དངོས་སུ་འདུས་བསྡད་པ་རྣམས་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་༸རྒྱལ་བ་རིན་པ་ཆེ་སྐུ་ཚེ་རིང་པོར་བཞུགས་ཐུབ་པར་དམ་ཚིག་ཟོང་ཁ་གཅིག་སྒྲིལ་གྱི་ཐོག་ནས་སྨོན་ལམ་རྒྱག་གི་ཡོད་པ་རེད། གཞིས་ལུས་རྒྱ་ཆེའི་མི་མང་གིས་ཀྱང་དེ་བཞིན་དུ་སྨོན་ལམ་རྒྱག་གི་ཡོད་པ་རེད། ཇི་ལྟར་སྙིང་ཁུངས་རུས་པའི་སྟེང་ནས་སྨོན་ལམ། རེ་བ་རྒྱག་གི་ཡོད་པ་བཞིན་འགྲུབ་ཐུབ་པ་ཞིག་དང་། ངོས་ནས་སངས་རྒྱས་ཀྱི་བསྟན་པ་དང་། བོད་ཆོལ་ཁ་གསུམ་གཙོ་བོར་གྱུར་པའི་འཛམ་གླིང་གི་མི་མང་པོ་ཞིག་ལ་ཕན་ཐོགས་བྱེད་ཀྱི་ཡོད་པ་དངོས་སུ་མཐོང་གི་འདུག
ཁྱོད་ཚོ་ཚང་མས་ཐུགས་སྨོན་སྐྱབས་འཇུག་གཟབ་གཟབ་ཅིག་གནང་རོགས་གནང་། དེ་རིང་འདིར་མཁའ་འགྲོ་སྲིན་བཟློག་ཅིག་ཡོད་པ་རེད། གང་ལྟར་སྙིང་པོ་ནི་འཛམ་གླིང་འདིར་ངོས་ཀྱི་མི་ཚེ་ཡིས་ཕན་ཐོགས་གང་འཚམ་ཡོད་པ་ཞིག་འདུག ད་དུང་ཤུགས་ཆེ་རུ་འགྲོ་བ་ཞིག་དང་། མ་འོངས་པར་རྒྱ་ཧོར་བོད་གསུམ་ལ་བསྟན་པ་ཉམས་པ་སོར་ཆུད་དང་། མི་ཉམས་གོང་འཕེལ་ཡོང་བ་ལ་ངོས་ཀྱིས་ཞབས་འདེགས་དགའ་རབ་སྒྲུབ་ཐུབ་ཀྱི་རེད་བསམ་པ་ཞིག་གི་གདེངས་སྤོབས་ཡོད། དེར་བརྟེན། ཚེ་རིང་དུ་གནས་རྒྱུར་ངོས་རང་གིས་འཕེན་པ་གཏོང་གི་ཡོད་ལ། ཁྱོད་རང་ཚོས་ཀྱང་ཐུགས་སྨོན་གནང་ཤོག བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་སྩལ་བ་དང་།
བརྟན་བཞུགས་ཆོ་གའི་རིམ་པ་མུ་མཐུད་དེ། བསུན་བཟློག་གི་ཆོ་ག་ལ་རོལ་མོ་བྱིན་འབེབས་སྐབས་མཁའ་འགྲོ་མ་རྣམས་གར་སྟབས་བཅས་ནང་དུ་བཏང་སྟེ་སོ་སོའི་མདོག་མཐུན་གྱི་དར་སྣེ་བཟུང་སྟེ་བཞུགས་ཁྲིའི་མདུན་འཁོད། ཞལ་འདོན་ཚིག་བསྟུན་གྱིས་དབུ་བཞུགས་རྡོ་རྗེ་སློབ་དཔོན་མཆོག་ནས་དར་སྣེ་གཅོད་འབྲེག་མཛད་རིམ་བཞིན་མཁའ་འགྲོ་མ་རྣམས་སྐུ་གླུད་ཀྱི་མདུན་དུ་འཁོད། ཡོན་བདག་ནས་སྐུ་གླུད་ལ་སྒྲོན་དར་དང་མཁའ་འགྲོ་མ་འཁོར་བཅས་ལ་ཡོན་དང་། དར། དཀའ་སྤྲོ། ཚོགས་བཅས་ཕུལ་ཏེ་ཕྱིར་གཤེགས། བརྟན་བཞུགས་དངོས་གཞིར་སློབ་དཔོན་ལྷར་བསྐྱེད་སོགས་རིམ་བཞིན་གསུངས་ཏེ་རིག་འཛིན་བརྒྱུད་སྐུལ་གྱི་གསུང་ཚིག་མཐའ་མ་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ་ཞེས་པའི་མཚམས་སུ་རྡོར་སློབ་སྐུ་བཞེངས་ཀྱིས་ཚེ་མདའ་ཕུལ། མཚམས་འདིར་ཚོགས་རོལ་གསུང་། དེ་ནས་གསོལ་འདེབས་མཎྜལ་སྐབས་དབུ་བཞུགས་རྡོར་སློབ་ཀུན་བདེ་གླིང་རིན་པོ་ཆེ་མཆོག་གིས་མཎྜལ་ལྗགས་བཤད་མདོར་བསྡུས་དང་མ་སུ་རི་བོད་ཁྱིམ་དྲུང་ཆེ་བསྟན་འཛིན་ཕྱོགས་གླང་དང་། པན་ཅ་མ་རི་གཏན་སློབ་དང་ལག་ཤེས་སློབ་ཟུར་གྱི་ངོ་ཚབ་སྤྱི་ཟུར་བཀྲ་ཤིས་རྣམ་རྒྱལ་གཉིས་ནས་མཎྜལ་ཚོམ་བུ་ཟུར་བཏེགས་ཞུས་ཤིང་། དབུ་བཞུགས་རྡོར་སློབ་མཆོག་གིས་སྐུ་རྟེན། གསུང་རྟེན། ཐུགས་རྟེན། བུམ་པ། ཚེ་ཆང་། ཚེ་རིལ། ཚེ་མདའ། འབྲང་རྒྱས་ལ་དབང་། དྲག་པོ། ཞི་བ། རྒྱས་པ་བཅས་དང་། བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྫས་བརྒྱད་བཅས་ཚིག་བསྟུན་གྱིས་ཕུལ་ཏེ་རྡོ་རྗེ་སློབ་དཔོན་གཙོས་སྦྱིན་བདག་འཐུས་མི་ཉི་ཤུ་ནས་མཇལ་ཁ་ཞུས་ཤིང་། མཁན་ཆེན་ཞི་བ་འཚོའི་སྐུ་བརྙན་ཆེ་ལེགས་མི་ཚད་མ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མི་ཚད་མ་གཉིས་ཀྱིས་དབུས་འབུལ་དངོས་རྣམས་སྤྱན་བསྟར་དང་། རྒྱལ་བའི་ཞབས་བརྟན་གསོལ་འདེབས་དང་། བསམ་ལྷུན། བར་ཆད་ལམ་སེར། བོད་སྐྱོང་ལྷ་སྲུང་གི་འཕྲིན་བསྐུལ་སོགས་གསུང་འདོན་དང་། མ་སུ་རའི་སློབ་ཕྲུག་ ༦༠ ཐམ་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བསྟོད་གླུ་ཕུལ་ཞིང་། མཐར་གཏིང་རག་མཎྜལ་འདེགས་འབུལ་དང་སློབ་ཕྲུག་ཚོས་མཇལ་ཁ་ཞུས་པ་དང་འབྲེལ་ཉི་གཞོན་འཆར་ཁ་མ་སོགས་གསུང་འདོན་གྱིས་བརྟན་བཞུགས་གནང་སྒོ་ལེགས་པར་གྲུབ་ཡོད།