༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༢༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་དུས་དབང་གསུང་ཆོས་ར་བ་རུ་ཉིན་གསུམ་རིང་གི་ཆོས་འབྲེལ་དབུ་འཛུགས་མཛད་ཡོད་པ་རེད།
དེ་ཡང་སྔ་དྲོ་ཆུ་ཚོད་ ༧།༤༠ ཙམ་ལ་མགོན་པོ་མཆོག་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་ནས་གོལ་ཧྥུ་རླངས་འཁོར་(Golf cart)ལ་བཞུགས་སྟེ་གསུང་ཆོས་ར་བར་ཆིབས་བསྒྱུར་གནང་བ་དང་། ཕེབས་ལམ་དུ་རྡོར་གདན་བྱང་ཆུབ་ཆེན་མོའི་མཆོད་རྟེན་གྱི་འཛིན་སྐྱོང་ལྷན་ཚོགས་ནས་གསུང་ཆོས་ར་བར་གསར་བཞེངས་གནང་པའི་སྟོན་པའི་སྐུ་བརྙན་ལ་རབ་གནས་མཛད་པ་དང་། དེ་ནས་སྦྱིན་བདག་རྣམས་ཀྱིས་སྤོས་སྣེས་མདུན་བསུ་དང་བཅས་ཆོས་ར་སྡིངས་ཆར་དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། དགའ་ལྡན་ཁྲི་པ་བརྒྱ་དང་བཞི་པ་༸རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གཉིས་ཀྱིས་གཙོས་བྱང་རྩེ་ཆོས་རྗེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་བཅས་ཀྱིས་མཇལ་ཁ་ཞུས་ཤིང་། བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་པཱ་ལིའི་སྐད་ཐོག་བཀྲ་ཤིས་པའི་མདོ་གསུང་འདོན་དང་། སྦྱིན་བདག་སྐུ་ཚབ་རེ་ནས་མནྜལ་རྟེན་གསུམ་འདེགས་འབུལ་ཞུས།
དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སངས་རྒྱས་ཆོས་ཚོགས་མ་ཚར་གསུམ་གསུང་འདོན་དགོས་སྐོར་དང་འབྲེལ་བཀའ་སློབ་སྩལ་དོན། འཆད་པ་པོའི་ངོས་ནས་ཡིན་ནའང་ཀུན་སློང་རྣམ་པར་དག་པ་ཞིག་གི་ཐོག་ནས་བཤད། ཉན་པ་པོའི་ངོས་ནས་ཡིན་ནའང་ཀུན་སློང་རྣམ་པར་དག་པ་ཞིག་གི་ཐོག་ནས་ཉན་རྒྱུ་གལ་ཆེན་པོ་རེད། དེ་མ་ཡིན་པར་ཆོས་བཤད་ཉན་འཇིག་རྟེན་ཆོས་བརྒྱད་ཀྱི་གཞན་དབང་དུ་བཏང་ན་དགོས་དོན་མ་ཚང་བ་རེད། ཆོས་ཆོས་སུ་སོང་བ་ཞིག་དགོས་ཀྱི་ཡོད། དེར་བརྟེན། ང་ཚོ་ཚང་མར་ཀུན་སློང་རྣམ་པར་དག་པ་ཞིག་དགོས། འཆད་པ་པོའི་ངོས་ནས་རང་དོན་གྱི་བསམ་པ། ཞི་བདེ་དོན་གཉེར་གྱི་བསམ་པ་དང་མ་འབྲེལ་བར་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བས་ཟིན་པའི་ཐོག་ནས་བཤད་པ་དང་། ཉན་པ་པོའི་ངོས་ནས་ཡིན་ནའང་ཚེ་འདིའི་ལྟོ་གོས་གཏམ་གསུམ་གྱི་དོན་དང་། ཕྱི་མ་མངོན་མཐོ་ཙམ་ཐོབ་ན་བསམ་པ་ཙམ་མ་ཡིན་པར་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་ན་བསམ་པ་དང་། དེ་ཡང་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་བསམ་པའི་བློ་དང་ལྡན་པའི་ཐོག་ནས་འཆད་པ་པོས་འཆད། ཉན་པ་པོས་ཉན་དགོས་ཀྱི་ཡོད། དེར་བརྟེན། ང་ཚོས་སྔོན་ལ་སངས་རྒྱས་ཆོས་ཚོགས་མ་ཚར་གསུམ་མཉམ་དུ་གསུང་ཤོག ཅེས་དང་།
ཚིག་འདི་ཧ་ཅང་ནུས་པ་ཆེན་པོ་རེད། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ།། བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི།། ཞེས་སངས་རྒྱས། ཆོས། དགེ་འདུན་གསུམ་པོ་སྐྱབས་སྟོན་པ་པོ་དང་སྐྱབས་དངོས། སྐྱབས་སྒྲུབ་པའི་ཟླ་གྲོགས་བཅས་ཡིན་པ་དང་། དེ་དག་ལ་སྐྱབས་སུ་འགྲོ་བའི་དགོས་པ་ནི་རང་དོན་ལ་ཆ་བཞག་ནའང་བླ་མེད་བྱང་ཆུབ་ཐོབ་པ་དང་། གཞན་དོན་ལ་ཆ་བཞག་ནའང་ནམ་མཁའི་མཐའི་གཏུགས་པའི་སེམས་ཅན་ཐམས་ཅད་ལ་གནས་སྐབས་དང་མཐར་ཐུག་གི་འདོད་དོན་སྒྲུབ་པའི་ཆེད་དུ་དམིགས་ནས་སྨོན་ལམ་བརྒྱག་དགོས། ང་ཚོ་ཚང་མ་སྟོན་པའི་ཆོས་འདི་ལྟ་བུ་ཞིག་ལ་མཇལ་ཡོད། བཅོམ་ལྡན་འདས་ཀྱིས་ཆོས་ཇི་སྐད་ཅིག་གསུངས་པ་དེ་ཁོང་གིས་མངོན་དུ་མཛད་པའི་རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པའི་ཆེད་དུ་ཡིན་པས་ང་ཚོས་གསུང་འདི་སེམས་ལ་བཞག་ནས་ཆོས་གང་བྱས་པ་ཚང་མ་བཅོམ་ལྡན་འདས་ཁོང་གིས་སྒྲིབ་གཉིས་སྤངས་པའི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་མཛད་པ་ནང་བཞིན་ང་ཚོས་ཀྱང་སྒྲིབ་གཉིས་སྤང་ནས་རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པའི་ཆེད་དུ་དམིགས་པ་ཞིག་དགོས་ཀྱི་ཡོད། སངས་རྒྱས་ཆོས་ཚོགས་མའི་ཚིག་འདི་ནུས་པ་ཧ་ཅང་ཆེན་པོ་རེད།
རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་།། དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་།། རིགས་ཡོད་ཕྱིར་ན་ལུས་ཅན་ཀུན།། རྟག་ཏུ་སངས་རྒྱས་སྙིང་པོ་ཅན།། ཞེས་གསུངས་པའི་ཚིག་འདི་ནུས་པ་ཆེན་པོ་རེད། ང་ཚོ་ཚང་མའི་རྒྱུད་དུ་ཁམས་བདེ་གཤེགས་སྙིང་པོ་ཟེར་བའི་སེམས་ཤིག་ཡོད། སེམས་འདི་དྲི་མ་དང་བཅས་པ་ཡིན་ཀྱང་དྲི་མ་གློ་བུར་བ་རེད། སེམས་ཀྱི་རང་བཞིན་ལ་ཞུགས་ཡོད་པ་མ་རེད། གཉེན་པོ་བསྟེན་ན་ག་ལེར་མེད་པ་ཆགས་ཐུབ་པ་ཞིག་རེད། གསང་སྔགས་ཀྱི་སྐབས་ནས་བཤད་ཚེ། གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་ཟེར་བའི་སེམས་འདི་ནི་རང་བཞིན་གྱིས་རྣམ་པར་དག་པ་ཞིག་ཆགས་ཡོད། དེ་ལྟ་བུ་ཞིག་ང་ཚོ་ཚང་མའི་རྒྱུད་དུ་རང་ཆས་སུ་ཡོད། དེར་བརྟེན། ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་ནི་གློ་བུར་བའི་ཆོས་ཆགས་ཡོད། གང་ལྟར་རྩ་བ་བདེན་འཛིན་དང་དེའི་བག་ཆགས་ཀྱི་དབང་གིས་ཡོང་གི་ཡོད། བདེན་འཛིན་མངོན་གྱུར་པ་ཡོད་པས་དེའི་བག་ཆགས་སླེབས་ཀྱི་ཡོད། བདེན་འཛིན་ནི་བློ་འཁྲུལ་བ་ཞིག་ཆགས་ཡོད། རང་བཞིན་གྱིས་འོད་གསལ་བ་ཆགས་མེད། དཔེར་ན། ངོས་རང་ལ་ཆ་བཞག་ན་ཉིན་རེ་བཞིན་དུ་སྟོང་ཉིད་ཀྱི་ལྟ་བ་སྒོམ་ནས་བསམ་བློ་གཏོང་དུས་སེམས་རང་བཞིན་གྱིས་འོད་གསལ་བ་དེ་ག་ལེར་ག་ལེར་གསལ་བོ་ཆགས་ཀྱི་འདུག སེམས་ཀྱི་དྲི་མ་གློ་བུར་བ་བཤད་ཡོང་སྐབས་དྲི་མ་དེར་གཉེན་པོ་བསྟེན་ན་སྤང་ཐུབ་པར་ངེས་པ་སྙེད་ཐུབ་པ་ཞིག་འདུག དྲི་མ་མཐའ་དག་སྤང་བར་བློ་རིམ་གྱིས་སྦྱང་ནས་རྒྱལ་བའི་གོ་འཕང་ཐོབ་ཐུབ་པར་སེམས་ལ་གདེང་ཚོད་ཅིག་སྙེད་ཀྱི་འདུག དེར་བརྟེན། སེམས་སྟེང་གི་ཉོན་མོངས་དང་དེའི་བཞག་པའི་བག་ཆགས་རྣམས་གློ་བུར་བ་ཆགས་ཡོད། ག་ལེར་གཉེན་པོ་བསྟེན་ན་དེ་མེད་པ་བཟོ་ཐུབ་པ་ཞིག་དང་། མཐར་སེམས་རང་བཞིན་གྱིས་འོད་གསལ་བ་དེ་རྣམ་མཁྱེན་གྱི་ངོ་བོར་འགྲོ་ཐུབ་པ་ཞིག་ཆགས་ཡོད་པས་སེམས་ལ་རེ་བ་དང་སྤོབས་པ་སླེབས་ཀྱི་འདུག
ད་ལྟ་ང་ཚོ་འཁོར་བ་བ་ལས་ཉོན་གྱི་གཞན་དབང་ཅན་ཡིན་ཀྱང་། དྲི་མ་གློ་བུར་བ་རེད་ལ་དེ་ལ་གཉེན་པོ་ཡོད་པ་རེད། དྲི་མ་གློ་བུར་བ་ལ་གཞི་རྩ་མེད། ཆོས་རྣམས་ཀྱི་གནས་ལུགས་དང་སེམས་ཀྱི་རང་བཞིན་འོད་གསལ་བ་ལ་བསམ་བློ་ཡག་པོ་ཞིག་བཏང་བ་ཡིན་ན་སེམས་ལ་གདེང་འཁེལ་བ་ཞིག་ཡོང་གི་འདུག སེམས་རང་བཞིན་གྱིས་འོད་གསལ་བ་དང་། དྲི་མ་གློ་བུར་བ་ཡིན་པ་དེ་ཚང་མས་སེམས་ལ་ཞོག བཅོམ་ལྡན་འདས་ཀྱི་དགོངས་པ་དང་མཐུན་པར་ཐབས་ཤེས་ཀྱི་ལམ་ལ་བསླབ་ན་རང་རྒྱུད་དུ་ཡོད་པའི་སྐྱོན་གློ་བུར་བ་རྣམས་རིམ་པར་སྦྱངས་ནས། སྤང་རྟོགས་མཐར་ཕྱིན་པའི་སངས་རྒྱས་ཀྱི་ཐུགས་ནང་བཞིན་སྒྲུབ་ཐུབ་པ་ལ་ཚོད་དཔག་བྱེད་ཐུབ་ཀྱི་འདུག སངས་རྒྱས་ཆོས་ཚོགས་མ་འདོན་པའི་སྐབས་སུ་འདི་དག་ལ་བསམ་བློ་གཏོང་དགོས། ད་ལྟ་སེམས་རྒྱུད་ཉོན་མོངས་པ་དང་དེའི་བཞག་པའི་བག་ཆགས་ཀྱི་གཞན་དབང་བ་ཞིག་ཆགས་ཡོད་ཀྱང་། དྲི་མ་གློ་བུར་བ་དང་སེམས་རང་བཞིན་གྱིས་འོད་གསལ་བ་ཡིན་པས་འབད་བརྩོན་ཡག་པོ་བྱས་ན་ད་ལྟའི་རྨོངས་པའི་གཞན་དབང་དུ་ཡོད་པའི་ཤེས་པ་འདི་རྣམ་མཁྱེན་གྱི་ཤེས་པར་འགྱུར་ཐུབ་པར་རྒྱུ་མཚན་ཐོག་བསམ་བློ་བཏང་ན་ཚོད་ཐིག་པ་འདུག ཅེས་དང་།
ངོས་རང་ལ་ཆ་བཞག་ན་ཞི་གནས་རེད་མ་གཏོགས་ག་ལེར་ག་ལེར་སྦྱོར་ལམ་ཐོབ་ཐུབ་པའི་རེ་བ་ཚོད་ཐིག་པ་ལྟ་བུ་ཞིག་འདུག ང་ཚོ་ཚང་མའི་སེམས་རང་བཞིན་གྱིས་འོད་གསལ་བ་དང་། དྲི་མ་གློ་བུར་བ་ཡིན་པ་དེ་ཡག་པོ་ཤེས་པར་བྱོས། དྲི་མ་གློ་བུར་བ་ལ་གཉེན་པོ་བསྟེན་རྒྱུ་གལ་ཆེན་པོ་རེད། སྐབས་སུ་བབ་པ་གཉེན་པོའི་མཆོག་ནི་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་རེད། སྟོང་ཉིད་ཀྱི་ལྟ་བས་ཉོན་མོངས་ཀྱི་གཉེན་པོ་བྱེད་པ་དང་། བྱང་ཆུབ་ཀྱི་སེམས་ཀྱིས་ཤེས་སྒྲིབ་ཀྱི་གཉེན་པོ་བྱེད་པ་ཡིན། དེར་བརྟེན། ཚང་མས་སྟོང་ཉིད་ཀྱི་ལྟ་བ་དང་འབྲེལ་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་ཡག་པོ་ཐོངས། ཉིན་རེ་བཞིན་དུ་སེམས་ལ་གོམས་འདྲིས་ཤིག་བསྟེན་པ་ཡིན་ན་བཅོམ་ལྡན་འདས་ཀྱི་དགོངས་པ་དང་མཐུན་པ་ཞིག་དང་། བཅོམ་ལྡན་འདས་ཀྱིས་མངོན་དུ་མཛད་པའི་གོ་འཕང་ཐོབ་ཐུབ་པ་ཞིག་ལ་ཕལ་ཆེར་གདེང་ཚོད་རྙེད་ཀྱི་འདུག སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྒྲིབ་གཉིས་སྤངས་པའི་བྲལ་བ་མངོན་དུ་མཛད་པ་ལྟར་གཉེན་པོ་སྐྱེས་པའི་ཐོག་ནས་ང་ཚོས་སྒྲིབ་གཉིས་སྤངས་པའི་བྲལ་བ་མངོན་དུ་མཛད་པར་སེམས་ཤུགས་བསྐྱེད་དགོས། ང་ཚོའི་སེམས་རང་བཞིན་གྱིས་འོད་གསལ་བ་དང་། བཅོམ་ལྡན་འདས་ཀྱི་ཐུགས་རྒྱུད་ཀྱི་འོད་གསལ་རང་བཞིན་གྱིས་འོད་གསལ་བ་དང་། དྲི་མ་གློ་བུར་བ་ཡིན་པ་ལ་ཁྱད་པར་ཁྱོན་ནས་ཡོད་པ་མ་རེད།
ཆོས་ལུགས་ཚང་མ་ཧ་ཅང་ཡག་པོ་རེད། ངོས་ཀྱིས་ཆོས་ལུགས་ཚང་མར་གུས་བརྩི་བྱེད་ཀྱི་ཡོད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ང་ཚོའི་ཤེས་པ་འདི་ལ་རྣམ་མཁྱེན་གྱི་གོ་འཕང་ཐོབ་ཐུབ་ཀྱི་རེད། སེམས་རང་བཞིན་གྱིས་འོད་གསལ་བ་རེད་ཅེས་གསུངས་པ་ནི་ཧ་ཅང་ནུས་པ་ཆེན་པོ་དང་། རླབས་ཆེན་པོ་རེད། དེ་སེམས་ལ་གཞག་ནས། སྟོན་པའི་དམ་ཆོས་རྣམ་གཉིས་དེ།། ལུང་དང་རྟོགས་པའི་བདག་ཉིད་དོ།། དེ་འཛིན་བྱེད་པ་སྨྲ་བྱེད་དང་།། སྒྲུབ་པར་བྱེད་པ་ཁོ་ན་ཡིན།། ཞེས་གསུངས་པའི་ལུང་རྟོགས་ཀྱི་ཆོས་འདི་ལ་ཐོག་མར་ཐོས་བསམ་ཡག་པོ་ཞིག་བྱོས། གོ་བ་ཡག་པོ་ཆགས་པ་བྱོས། དེ་ནས་ལག་ལེན་སྐྱེལ་ནས་སྒྲུབ་པ་ཉམས་ལེན་གྱི་ཐོག་ནས་སེམས་ལ་འགྱུར་བ་ཐེབས་པ་ཞིག་བྱེད་དགོས་ཞེས་གསུང་གི་འདུག ཆོས་ཁ་ནས་བཤད་པ་ཙམ་གྱིས་སེམས་ལ་འགུལ་བསྐྱོད་ཐེབས་པ་དང་། ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་སྤང་ཐབས་མེད། ཁ་ནས་བཤད་པ་ནང་བཞིན་བསམ་བློ་བཏང་། ཉིན་མཚན་དུས་དྲུག་དུ་བསམ་བློ་བཏང་ན་ག་ལེར་སེམས་རྒྱུད་ཀྱི་དྲི་མའི་འགལ་རྐྱེན་ཤུགས་ཆེ་རུ་འགྲོ་བ་ཡིན། དྲི་མ་རང་ལ་བརྟག་དཔྱད་བྱས་ཚེ་གཞི་མེད་པ་ཞིག་རེད། ཅེས་སོགས་བཀའ་སློབ་གྲུབ་མཚམས་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་པའི་ཆོས་འབྲེལ་དབུ་འཛུགས་ཀྱིས་ཆུ་ཚོད་དགུ་པ་ཡོལ་ཙམ་ལ་ཆོས་འབྲེལ་ལེགས་པར་གྲུབ་སྟེ་དགའ་ལྡན་འཕེལ་རྒྱས་གླིང་དུ་ཆིབས་བསྒྱུར་བསྐྱངས་ཡོད།
གནས་མཆོག་རྡོ་རྗེ་གདན་གྱི་ཆོས་དབྱིངས་བསྟོད་པའི་ཆོས་འབྲེལ་དུ་དཔལ་ས་སྐྱ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། དགའ་ལྡན་ཁྲི་པ་བརྒྱ་དང་བཞི་པ་༸རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག ས་སྐྱ་ཁྲི་འཛིན་མཆོག ཇོ་ནང་རྒྱལ་ཚབ་རིན་པོ་ཆེ། བྱང་རྩེ་ཆོས་རྗེ། ཀུན་བདེ་གླིང་རིན་པོ་ཆེ། གླིང་རིན་པོ་ཆེ། ཀིརྟི་སྐྱབས་མགོན་རིན་པོ་ཆེ། རྣམ་གྲྭ་མཁན་རིན་པོ་ཆེ། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་སོགས་ཀྱིས་གཙོས་སེར་སྐྱ་སྟོང་ཕྲག་མང་པོ་ཆེད་བཅར་གནང་ཡོད་པ་རེད།