༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༢༥ ཉིན་གྱི་སྔ་དྲོ་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྷ་ས་རིགས་སློབ་མ་ལག སེར་བྱེས་ཧར་གདོང་ཁང་ཚན། བོད་མིའི་ཚོང་ལས་བདེ་ཚོགས། གཙང་སྟོད་ལྷ་ངམ་ཕུན་གསུམ་(ལྷ་རྩེ་རྫོང་། ངམ་རིང་རྫོང་། ཕུན་ཚོགས་གླིང་རྫོང་།)བཅས་ནས་སྒྲོལ་དཀར་ཚེ་སྦྱིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།
དེ་ཡང་སྔ་དྲོ་ཆུ་ཚོད་ ༨།༠༠ ཙམ་ལ་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་གི་སྒོ་ཆེན་དུ་ཚོགས་ཁག་བཞིའི་སྐུ་ཚབ་འཐུས་མིས་སྤོས་སྣེས་མདུན་བསུ་དང་བཅས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གདན་ཞུ་ཞུས་པ་དང་། སྐབས་དེར་ཕེབས་ལམ་གཡས་གཡོན་གཉིས་སུ་ཡུལ་ལུང་གི་ཆས་གོས་སྤྲས་པའི་ན་གཞོན་རྣམས་ཀྱིས་རུ་སྒྲིག་ཕེབས་བསུ་གཟབ་རྒྱས་དང་། རྣམ་གྲྭའི་སྤྱན་རྒྱ་སྤོས་འཛིན་བཅས་གཙུག་ལག་ཁང་གི་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས། བརྟན་བཞུགས་ཀྱི་དབུ་བཞུགས་རྡོ་རྗེ་སློབ་དཔོན་དགའ་ལྡན་ཁྲི་པ་བརྒྱ་དང་བཞི་པ་༸རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གིས་མཇལ་དར་རྐྱང་འབུལ་ཞུས་ཤིང་། དབུ་མཛད་ཀྱིས་གསུང་ཆོག་དབུ་འཛུགས་ཀྱིས་རྒྱུན་ཆགས་གསུམ་པ། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས། ༸རྒྱལ་བའི་འཁྲུངས་རབས་གསོལ་འདེབས་བཅས་གསུང་མུར་གསོལ་ཇ་འབྲས་སིལ་རིམ་པར་ཕེབས།
བརྟན་བཞུགས་དངོས་གཞིར་བླ་མ་ལྷར་བསྐྱེད་ནས་མཆོད་བསྟོད་ཚེ་འགུགས་བཟླས་པའི་བར་ཆོག་གཞུང་ལྟར་ཕེབས་མཚམས་ཙ་རུའི་ཚོགས་འཁོར་འབུལ་བཞེས་གནང་། བརྟན་བཞུགས་ཀྱི་དབུ་བཞུགས་རྡོ་རྗེ་སློབ་དཔོན་མཆོག་དང་གཙང་པ་དགེ་བཤེས་མཁྱེན་རབ་མཐར་ཕྱིན་མཆོག ཧར་གདོང་དགེ་བཤེས་བསྟན་འཛིན་ཤེས་རབ་མཆོག་བཅས་ཀྱིས་མཎྜལ་ཚོམ་བུ་འདེབས་འབུལ་སྐབས་རྡོར་སློབ་མཆོག་གིས་ཞལ་འདོན་ཚིག་བསྟུན་གྱིས་སྐུ་རྟེན་དང་གསུང་རྟེན། ཐུགས་རྟེན། ཚེ་བུམ། རིགས་ལྔའི་མཚན་མ། ཚེ་ཆང་། ཚེ་རིལ། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད་དང་རྫས་བརྒྱད་བཅས་རིམ་པར་ཕུལ་བ་དང་། རྡོར་སློབ་སོགས་ཚོགས་སྡེ་ཁག་གི་འཐུས་མི་ ༡༦ གིས་མཇལ་ཁ་ཞུས་ཤིང་། རིགས་སློབ་མ་ལག་འཐུས་ཚབ་ནས་ཞབས་བརྟན་གསོལ་འདེབས་དང་འབྲེལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་འདེགས་འབུལ་དང་། གཞས་པ་ཆོགས་གྲགས་ཀྱིས་བསྟོད་དབྱངས་གསུང་གཞས་ཕུལ།
མཐར་སེར་བྱེས་ཀེའུ་ཚང་རིན་པོ་ཆེ་འཇམ་དཔལ་ཡེ་ཤེས་མཆོག་གིས་བཀའ་དྲིན་གཏང་རག་གི་མཎྜལ་རྟེན་གསུམ་འདེགས་འབུལ་དང་འབྲེལ་ཡོད་མི་སྣ་ ༡༦ གིས་མཇལ་ཁ་ཞུས་མཚམས་ཉི་གཞོན་འཆར་ཀ་མ་དང་། རིས་མེད་བསྟན་རྒྱས་སྨོན་ལམ། བདེན་ཚིག་སྨོན་ལམ་བཅས་གསུངས་ཏེ་བརྟན་བཞུགས་གནང་སྒོ་ལེགས་པར་གྲུབ་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གདན་ཞུའི་ཕེབས་ལམ་དུ་སྔར་བཞིན་སྤྱན་རྒྱས་སྤོས་སྣེ་དང་བཅས་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད་ལ། ཚོགས་ཁག་བཞིའི་བརྟན་བཞུགས་འདིར་དགའ་ལྡན་ཁྲི་པ་བརྒྱ་དང་བཞི་པ་༸རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དང་། ཀུན་བདེ་གླིང་རིན་པོ་ཆེ། སེར་བྱས་ཀེའུ་ཚང་རིན་པོ་ཆེ་སོགས་བླ་སྤྲུལ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ། བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་དང་བདེ་སྲུང་བཀའ་བློན། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན། གཞན་ཡང་། གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་རིས་ཆ་ཌི་སྒི་རིས་(Richard Gere)སོགས་ཕེབས་ཡོད།