༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༡ ཉིན་གནས་མཆོག་རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་གསུང་ཆོས་ར་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གསང་གསུམ་ལ་ཚུལ་བསྟན་མི་ཤིས་པའི་མཚན་མིའི་རིགས་ཕྲ་མོ་ཙམ་ཡང་ཞར་ཡང་མི་བཞེས་ཤིང་། བསྟན་འགྲོ་སྤྱི་དང་བྱེ་བྲག་ཁ་བ་གངས་ཅན་པའི་ལྗོངས་ཀྱི་མགོན་དཔུང་དམ་པར་༸ཞབས་པད་མི་འགྱུར་རྡོ་རྗེ་ཆོས་བདུན་གྱི་ངོ་བོར་བརྟན་ཞིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་ཕྱིར་ཝཱ་རཱ་ཎ་སཱི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དང་ཝཱ་རཱ་ཎ་སཱི་སློབ་ཟུར་ཐུན་མོང་། སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་དང་དཔལ་ཞ་ལུ་དགོན་པ། ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དགེ་རྩ་དང་དགེ་ལྡན་སྤྱི་ལས་ཁང་བཅས་ནས་ཚེའི་ལྷ་མཆོག་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།
དེ་ཡང་རྡོ་རྗེ་སློབ་དཔོན་ཞྭ་སེར་བསྟན་པའི་མངའ་བདག་༸སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། བྱང་རྩེ་ཆོས་རྗེ་མཆོག་གཉིས་དབུ་བཞུགས་ཀྱིས་གདན་ས་ཆེན་པོ་གསུམ་དང་། དཔལ་ལྡན་རྒྱུད་གྲྭ་སྨད་སྟོད། གམ་བཅར་རྣམ་རྒྱལ་གྲྭ་ཚང་བཅས་ཀྱི་ཆོག་གྲྭ་བ་དགེ་འདུན་ཞལ་གྲངས་ ༢༣༡ སྐོར་ནས་སྐུ་ཚེ་ཚེ་སྒྲུབ་སྔོན་དུ་བཏང་ནས་བོད་ཟླ་ ༡༡ ཚེས་ ༢༠ གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་མགོན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཆེད། སྔ་དྲོ་ཆུ་ཚོད་༨།༠༠ ཐོག་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་ནས་གདན་ཞུས་ཀྱིས་གསུང་ཆོས་ར་བར་ཆིབས་བསྒྱུར་སྐབས་ཕེབས་ལམ་གཡས་གཡོན་དུ་དགེ་འདུན་པ་དང་ཝཱ་རཱ་ཎ་སཱའི་སློབ་ཟུར། འབྲུག་དང་ལ་དྭགས། ལ་ཧོ་ལི། འབྲས་ལྗོངས་པ། ཁལ་མུག་པ། མོན་པ་སོགས་ཀྱི་མི་འཐུས་རུ་སྒྲིག་དང་། བརྟན་བཞུགས་གོ་སྒྲིག་ཞུ་མཁན་ཚོགས་པ་ཁག་བཞིའི་འཐུས་ཚབ་ནས་སྤོས་སྣེ། སྤྱན་རྒྱ། སྤོས་འཛིན་དང་བཅས་གསུང་ཆོས་ར་བར་གདན་འདྲེན་ཞུས་ཏེ་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་མཚམས་བརྟན་བཞུགས་ཀྱི་དབུ་བཞུགས་ཁྲི་རིན་པོ་ཆེ་མཆོག་གིས་མཇལ་དར་རྐྱང་འབུལ་ཞུས་པ་དང་། དེ་རྗེས་ཞལ་འདོན་རྒྱུན་ཆགས་གསུམ་པ། ༸རྒྱལ་བའི་འཁྲུངས་རབས་གསོལ་བཅས་གསུང་མུར་གསོལ་ཇ་འབྲས་སིལ་རིམ་པར་ཕེབས། བརྟན་བཞུགས་དངོས་གཞིར་བླ་མ་ལྷར་བསྐྱེད་ནས་བཟླས་པའི་བར་ཆོག་གཞུང་ལྟར་ཕེབས་རྗེས་ཙ་རུའི་ཚོགས་འཁོར་འབུལ་བཞེས་གནང་ཞིང་། གསོལ་འདེབས་མཎྜལ་སྐབས་དབུ་བཞུགས་ཁྲི་རིན་པོ་ཆེ་མཆོག་གིས་མཎྜལ་ཚོམ་བུ་འདེགས་འབུལ་དང་། ཞལ་འདོན་ཚིག་བསྟུན་གྱིས་སྐུ་དང་། གསུང་། ཐུགས། བུམ་པ། རིགས་ལྔའི་མཚན་མ། ཚེ་ཆང་། ཚེ་རིལ། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད་དང་རྫས་བརྒྱད་བཅས་རིམ་པར་ཕུལ་ཞིང་། བྱང་རྩེ་ཆོས་རྗེས་མཇལ་ཁ་ཞུས་པ་དང་། དཔལ་ས་སྐྱ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་མཎྜལ་འདེགས་འབུལ། དེ་བཞིན་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་འཐུས་མི་བཅོ་ལྔ་ནས་མཇལ་ཁ་ཞུས་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་སྩལ་དོན།
དེ་རིང་ཆོས་གྲོགས་རྣམ་པ་ཚོར་ཞུ་རྒྱུར། གནས་ཁྱད་པར་ཅན་རྡོ་རྗེ་གདན་དུ་བོད་རིགས་སེར་སྐྱ་གཙོ་བོར་གྱུར་པའི་སྤྱིར་སངས་རྒྱས་པའི་ཆོས་ལ་དོ་སྣང་ཡོད་པ་དང་། ཡང་སྒོས་ངོས་རང་སྒེར་ལ་དགའ་མོས་བྱེད་མཁན་འཛམ་གླིང་འདིར་མི་ཧ་ཅང་མང་པོ་ཞིག་ཡོད་པ་རེད། དེ་དག་ཚང་མས་སེམས་ཤུགས་འཁྱེར་ནས་དེ་རིང་བརྟན་བཞུགས་གནང་བ་རེད། ངོས་རང་ལ་ཆ་བཞག་ན་གང་ལྟར་ད་ལྟའི་བར་དུ་འཛམ་གླིང་འདིར་ཕན་ཐོགས་བྱས་པ་ལ་བསམ་བློ་གཏོང་དུས་རྗེས་སུ་ཡི་རངས་ཐོབ་སྡོད་པ་ཞིག་དང་། ཕྱིན་ཆད་ཡིན་ནའང་ད་དུང་ལོ་བརྒྱ་ཕྲག་གི་རིང་ལ་འཛམ་གླིང་འདིར་ཕན་ཐོགས་བྱེད་ཐུབ་པ་ཞིག་ཡོང་རྒྱུ་གསལ་བོ་རེད།
ལྷག་དོན་འཛམ་གླིང་འདིར་རང་ཕྱོགས་དང་གཞན་ཕྱོགས་ཟེར་བའི་ཐོག་ནས། འཛམ་གླིང་སྤྱི་ཡོངས་ཀྱི་ཆ་ནས་འཛམ་གླིང་ཤར་ནུབ་དང་ལྷོ་བྱང་གི་ཐོག་ནས་ང་ཚོ་དང་ཁྱོད་ཚོ་ཟེར་བའི་བསམ་བློ་ཤུགས་ཆེན་པོ་ཡོད་པ་གསར་འགྱུར་ནང་མཐོང་སྡོད་པ་དེ་རེད། འཛམ་གླིང་གང་སར་མི་གཅིག་གྱུར་གྱི་འདུ་ཤེས་དེ་ཙམ་མེད་པར་ལྟ་གྲུབ་འདྲ་མིན་དང་། ཆོས་ལུགས་འདྲ་མིན། ས་བབ་ཀྱི་གནས་སྟངས་འདྲ་མིན་ཐོག་ནས་ང་ཚོ་དང་ཁྱོད་ཚོ་ཞེས་ཕྱོགས་དང་ཕྱོགས་འཛིན་བྱེད་པ་དགའ་རབ་ཤུགས་ཆེན་པོ་རེད། འཛམ་གླིང་འདིར་མི་དུང་ཕྱུར་བདུན་ཅུ་ལྷག་ཡོད་པ་མི་གཅིག་གྱུར་ཆགས་ཡོད་པས་དེའི་འདུ་ཤེས་ཐོག་ནས་རིམ་བཞིན་ཚང་མ་མཐུན་པོ་ཞིག་དང་། གཅིག་གིས་གཅིག་ལ་རོགས་བྱེད་པའི་འཛམ་གླིང་ཞིག་ཡོང་ཐུབ་པ་ཞིག་ལ་ངོས་ཀྱིས་རེ་བརྒྱབ་བསྡད་ཡོད་ལ། ག་ཚོད་ཐུབ་ཐུབ་ཀྱིས་མི་གཅིག་གྱུར་ཡིན་པ་བཤད་སྡོད་ཀྱི་ཡོད། འཛམ་གླིང་འདིའི་སྟེང་གི་མི་ཚང་མ་སྐྱེས་པའི་སྐབས་སུ་མའི་ནུ་ཞོས་གསོས་པ་གཅིག་པ་ཡིན་པས་མི་ཚེ་འདིའི་རིང་ལ་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་ཕན་ཚུན་ལ་རོགས་རམ་དང་ཕན་ཐོགས་བྱེད་པ་མ་གཏོགས་ང་ཚོ་དང་ཁྱོད་ཚོ་ཞེས་པའི་སྐད་ཆ་དེ་མི་དགོས་པ་རེད།
ངོས་ཀྱིས་འཛམ་གླིང་གང་སར་མི་གཅིག་གྱུར་ཞེས་པ་བཤད་ཀྱི་ཡོད། དེ་རིང་འདིར་ཡང་ཆོས་ལུགས་འདྲ་མིན་དང་། ལུང་པ་འདྲ་མིན། འཛམ་བུ་གླིང་གི་མི་རིགས་ཀྱི་ཁ་དོག་ཐོག་ནས་བཤད་ནའང་སྣ་ཚོགས་པ་ཡོད་ཀྱང་། ང་ཚོ་ཚང་མ་འདིར་མི་གཅིག་གྱུར་གྱི་གནས་སྟངས་ཐོག་ནས་སྤྲོ་སེམས་འཁོར་བའི་ངང་རུབ་རུབ་བྱས་པ་རེད། ཚང་མ་ལྷག་བསམ་རྩེ་གཅིག་བྱས་ཏེ་འདིར་འཁོད་པ་དེ་ལ་ཐུགས་རྗེ་ཆེ་ཞུས་ཞུ་རྒྱུ་ཡིན། ཞེས་སོགས་མི་རིགས་དང་ཆོས་ལུགས། རྒྱལ་ཁབ་སོགས་ཀྱི་དབྱེ་འབྱེད་སོགས་ག་ལེར་ཇེ་ཉུང་དུ་གཏང་ཐུབ་པ་དང་། གཏོང་དགོས་པའི་སྐོར་ལ་བཀའ་སློབ་སྩལ་བ་དང་།
གཞན་ཡང་། ངོས་རང་ལ་མཚོན་ན་མདོ་སྨད་ཙོང་ཁའི་ཡུལ་ནས་ཡོང་བ་རེད། དབུས་གཙང་ཁུལ་དུ་བསྡད་པ་དང་། དེ་ནས་བཙན་བྱོལ་བ་ཆགས་པ་རེད། ངོས་ཀྱི་བསམ་བློའི་ནང་དུ་ང་ཚོ་མདོ་སྨད་པ་ཡིན་བསམ་པ་ལྟ་བུའི་བསམ་བློའི་དབྱེ་བ་གཏན་ནས་མེད། མི་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་ཚང་མར་ག་ཚོད་ཐུབ་ཐུབ་ཀྱིས་དངོས་དང་ཤུགས་ནས་ཕན་ཐོགས་བྱེད་ཐུབ་པའི་སེམས་ཤུགས་འཁྱེར་གྱི་ཡོད། ཆོས་གྲོགས་ཚང་མས་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་གཅིག་གིས་གཅིག་ལ་ཕན་འདོགས་པ་དང་། འཛམ་གླིང་ལ་དོན་དམ་གྱི་ཞི་བདེ་ཡག་པོ་ཞིག་ཡོང་ཐུབ་རྒྱུ་དགོངས་པར་ཆོངས། དེ་རིང་བརྟན་བཞུགས་ཕུལ་མཁན་ཁྱོད་ཚོ་དང་། ༸བདག་ཁྲི་རིན་པོ་ཆེས་མཚོན་པའི་འདིར་བཞུགས་རྣམས་དད་པ་དམ་ཚིག་གཡེལ་བ་མེད་པའི་ཐོག་ནས་བརྟན་བཞུགས་གསུང་པ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དེ་རིང་སྤྱི་ལོའི་ལོ་གསར་ལ་འཁེལ་ཡོད། ལོ་གསར་པ་འདིའི་རིང་ལ་འཛམ་གླིང་འདིར་ང་ཚོ་དང་ཁྱོད་ཚོ་ཟེར་བའི་འཐེན་འཁྱེར་ལོ་རྙིང་པའི་ནང་རྫོགས་པར་ཆ་བཞག་སྟེ། ལོ་གསར་པའི་ནང་དུ་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་གཅིག་གིས་གཅིག་ལ་རོགས་བྱེད་པ་མ་གཏོགས་འཐེན་འཁྱེར་གྱི་སྐད་ཆ་མེད་པ་བྱོས། འཛམ་གླིང་འདི་ནི་མི་དུང་ཕྱུར་བདུན་ཅུ་ལྷག་ཡོད་པ་ཚང་མའི་སྤྱི་བའི་འཛམ་གླིང་ཆགས་ཡོད། དེའི་ནང་ང་ཚོ་དང་ཁྱོད་ཚོ་ཞེས་རྩོད་རྒྱག་པ་དང་ཕྱོགས་དང་ཕྱོགས་འཐེན་བྱེད་པའི་གཞི་རྩ་ཁོ་རང་མི་འདུག ང་ཚོ་སངས་རྒྱས་པའི་ཆོས་པ་ཚོས་སེམས་ཅན་ཐམས་ཅད་ཟེར་གྱི་ཡོད། སྔོན་ལ་སྲིད་པ་གསུམ་གྱིས་མཚོན་པའི་སེམས་ཅན་ཐམས་ཅད་བསམ་མ་ཐུབ་ནའང་། འཛམ་གླིང་འདི་ཡི་མི་དུང་ཕྱུར་བདུན་ཅུ་ལྷག་ཡོད་པ་ལ་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་ཕན་ཚུན་ལ་འཆམ་པོ་དང་རོགས་བྱེད་དགོས། དེ་རིང་སྤྱི་ལོའི་ལོ་གསར་ཆགས་ཡོད་པས་ཚང་མར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཞེས་དང་།
འཛམ་གླིང་འདིར་ཧ་ཅང་ཚ་བ་རྒྱས་པ་དང་། ཡང་ས་ཆ་ཁ་ཤས་ལ་ས་འགུལ་བརྒྱབ་པའི་འབྱུང་བའི་གནོད་པའི་གནས་ཚུལ་ཡོང་གི་ཡོད། དེ་དག་ཚང་མའི་ཆེད་དུ་སྨོན་ལམ་རྒྱག་པ་དང་། ག་ཚོད་ཐུབ་ཐུབ་ཀྱིས་རོགས་བྱེད་དགོས། རྒྱ་ནག་ལ་ཆ་བཞག་ན་ས་ཆ་ཁ་ཤས་ལ་ཆར་བ་ཧ་ཅང་དཀོན་པོ་དང་། ས་ཆ་ཁ་ཤས་ལ་གངས་ཆར་ཤུགས་ཆེན་བབ་ནས་དཀའ་ངལ་འཕྲད་ཀྱི་འདུག དཀའ་ངལ་དེ་དག་རིམ་བཞིན་ཇེ་ཉུང་དུ་འགྲོ་བར་ང་ཚོ་ཚང་མས་སྨོན་ལམ་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོ་ཆོས་པ་རེད། འཛམ་གླིང་འདིར་འགྲོ་བ་མིའི་རིགས་ལ་དཀའ་ངལ་འཕྲད་པ་སེལ་བའི་ཆེད་དུ་སྐབས་སུ་བབ་པ་འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་བཏབ་སྟེ་མ་ཎི་ཕྲེང་སྐོར་གཅིག་བསག་ཤོག ཅེས་མ་ཎི་ཕྲེང་སྐོར་རེ་བསགས་པ་དང་། དེ་རྗེས་སེམས་པ་བཟང་པོ་བློ་གྲོས་ཀྱི་རྣམ་དཔྱོད་དང་ཟུང་དུ་འབྲེལ་ན་ཡག་པོ་འདུག དེ་མིན་སེམས་པ་བཟང་པོ་གཅིག་པུས་དེ་ཙམ་གྱིས་ནུས་པ་ཐོན་ཐུབ་པ་ཁག་པོ་འདུག ཤེས་རབ་ཧ་ཅང་གལ་ཆེན་པོ་རེད། དེར་བརྟེན། ཨ་ར་པ་ཙ་ཏོག་ཙམ་གསོག་ཅེས་བཀའ་སློབ་དང་འབྲེལ་ཨ་ར་པ་ཙ་བགྲང་གསོང་མཛད།
མུ་མཐུད་དུ་བཀའ་སློབ་སྩལ་དོན། སེམས་པ་བཟང་པོ་བྱེད་པ་དང་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་འཕྲལ་ཕུགས་རྒྱང་གསུམ་གྱི་གནས་ཚུལ་ལ་ཞིབ་འཇུག་བྱས་ཏེ། རང་གཞན་ཚང་མ་ཕུང་ལ་སྦྱོར་བའི་བརྣབ་སེམས་གནོད་སེམས་སོགས་ཇེ་ཉུང་ལ་བཏང་། ཀུན་ལ་ཕན་ཐོགས་བྱེད་པའི་གཞན་ཕན་གྱི་བློ་གོང་ནས་གོང་དུ་སྤེལ་དགོས། དེ་ཡང་གླེན་པ་གཏི་མཐུག་གི་སྐད་ཆ་མིན་པར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱི་གྲོགས་དང་བཅས་པའི་ཐོག་ནས་གཞན་ཕན་སྒྲུབ་རྒྱུ་ང་ཚོ་ཚང་མར་སྐབས་སུ་བབ་པའི་ལས་འགན་རེད་ལ། མི་ལུས་ཐོབ་པའི་གོ་ཆོད་པ་ཞིག་བྱེད་དགོས་པ་རེད། ཅེས་བཀའ་སློབ་སྩལ་བ་དང་།
མཐར་གཏང་རག་མཎྜལ་སྐབས་དགེ་ལྡན་སྨོན་ལམ་ཚོགས་པའི་འཐུས་ཚབ་ནས་མཎྜལ་རྟེན་གསུམ་འདེགས་འབུལ་དང་། འཐུས་ཚབ་ཁག་ནས་མཇལ་ཞུས་མཚམས་ཉི་གཞོན་འཆར་ཀ་མ་དང་། རིས་མེད་བསྟན་རྒྱས་སྨོན་ལམ། བདེན་ཚིག་སྨོན་བཅས་གསངས་རེ་བརྟན་བཞུགས་བསྟར་འབུལ་ལེགས་པར་གྲུབ་སྟེ། ཕོ་བྲང་དུ་གདན་ཞུའི་ཕེབས་ལམ་དུ་སྔར་བཞིན་སྤོས་སྣེ་དང་བཅས་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། ཕྱི་ལོ་གསར་ཚེས་ཀྱི་ཉིན་དང་པོར་མགོན་པོ་གང་ཉིད་མཆོག་ལ་ཕུལ་བའི་བརྟན་བཞུགས་བསྟར་འབུལ་འདིར། དཔལ་ས་སྐྱ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། དགའ་ལྡན་ཁྲི་པ་བརྒྱ་དང་བཞི་པ་༸རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག ས་སྐྱ་ཁྲི་འཛིན་མཆོག ཇོ་ནང་རྒྱལ་ཚབ་རིན་པོ་ཆེ། བྱང་རྩེ་ཆོས་རྗེ། ཀུན་བདེ་གླིང་རིན་པོ་ཆེ། གླིང་རིན་པོ་ཆེ། ཀིརྟི་སྐྱབས་མགོན་རིན་པོ་ཆེ། རྣམ་གྲྭ་མཁན་རིན་པོ་ཆེ། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་སོགས་ཀྱིས་གཙོས་སེར་སྐྱ་སྟོང་ཕྲག་མང་པོ་ཆེད་བཅར་གནང་ཡོད་པ་རེད།