༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐའེ་ཝན་གྱི་དད་ལྡན་མི་མང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར། རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱ་གར་ནཱ་ལེནྡྲའི་སློབ་དཔོན་ཆེན་མོ་དཔལ་ཆོས་ཀྱི་གྲགས་པས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་ལེའུ་གཉིས་པའི་གསུང་ཆོས་དབུ་འཛུགས་མཛད་ཡོད་པ་རེད།
དེ་ཡང་སྔ་དྲོ་ཆུ་ཚོད་བརྒྱད་པ་ཡོལ་ནས་བཞུགས་སྒར་ཕོ་བྲང་རྒྱལ་སྒོ་རུ་ཐའེ་ཝན་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གི་འབྲེལ་ཡོད་མི་སྣས་སྤོས་སྣེས་མདུན་བསུ་དང་བཅས། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་ཐའེ་ཝན་གྱི་དགེ་འདུན་པ་གཙོས་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་རྒྱ་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་དང་འབྲེལ་ཐའེ་ཝན་ཚོགས་གཉིས་ཆོས་ཚོགས་ཀྱི་མཁན་པོས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཤེས་རབ་སྙིང་པོ་སོགས་གསུང་འདོན་མཛད་རྗེས་བཀའ་སློབ་སྩལ་དོན།
དེ་རིང་རྨང་སྤྱི་ཆོས་དང་རྒྱ་རིགས་གྲོགས་པོ་དགའ་རབ་ཅིག་གིས་རྣམ་འགྲེལ་ལེའུ་གཉིས་པ་འདོན་རོགས་ཞེས་ཟེར་གྱི་འདུག རྗེ་རིན་པོ་ཆེའི་རྟོགས་བརྗོད་འདུན་ལེགས་མའི་ནང་དུ། རྣམ་འགྲེལ་དུ་མུ་སྟེགས་པའི་གྲུབ་མཐས་མཚོན་པའི་ཕྱི་རོལ་བའི་འདོད་པ་རྣམས་བཀག་ཡོད་པས་འདི་ནི། རྣམ་གྲོལ་དོན་དུ་གཉེར་ལ་བཅོམ་ལྡན་འདས།། ཚད་མར་བསྒྲུབས་ཤིང་དེ་ལས་དེ་ཡི་ནི།། བསྟན་པ་ཁོ་ན་ཐར་འདོད་འཇུག་ངོགས་སུ།། ངེས་པ་གཏིང་ནས་རྙེད་པས་ཐེག་གཉིས་ཀྱི།། ལམ་གྱི་གནད་ཀུན་འདྲིལ་བར་རིགས་ལམ་ནས།། ལེགས་པར་ཐོན་པས་ལྷག་པར་དགའ་བ་རྙེད།། ཅེས་གསུངས་པ་ལྟར་རེད། ཅེས་སོགས་གསུང་ཆོས་སྔོན་འགྲོའི་བཀའ་སློབ་དབུ་འཛུགས་དང་།
གཞན་ཡང་། ངོས་ཀྱིས་ཚད་མ་རྣམ་འགྲེལ་གྱི་བཤད་ལུང་ཞུ་ས་ཕལ་ཆེར་ཁུ་ནུ་བླ་མ་རིན་པོ་ཆེ་ཡིན། ཁོང་གིས། སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགས་ཤིང་ཤེས་རབ་རྩལ་མེད་པས་ན་ལེགས་བཤད་རྣམས།། དོན་དུ་མི་གཉེར་ཁོ་ནར་མ་ཟད་ཕྲག་དོག་དྲི་མ་དག་གིས་སྡང་བར་ཡང་།། ཡོངས་གྱུར་དེས་ན་བདག་ལ་འདི་ནི་གཞན་ལ་ཕན་པ་ཡིན་ཞེས་བསམ་པའང་མེད།། ཅེས་བསམ་པའང་མེད་ཅེས་པའི་ཚིག་འདི་མ་དག་པ་རེད། ཡོངས་གྱུར་དེས་ན་བདག་ལ་འདི་ནི་གཞན་ལ་ཕན་པ་ཡིན་ཞེས་བསམ་པ་མེད་ནའང་།། སེམས་ནི་ཡུན་རིང་ལེགས་བཤད་གོམས་པས་ལྷུར་ལེན་བསྐྱེད་ཕྱིར་འདི་ལ་དགའ་བ་སྐྱེས།། ཞེས་པ་རེད་ཅེས་གསུངས་སོང་། ཚིག་འདི་ཧ་ཅང་ནུས་པ་ཆེན་པོ་འདུག ཁ་སང་དེ་རིང་གི་དུས་ཚོད་འདིར་མི་མང་ཆེ་བ་ཕྱི་དངོས་པོ་ཡར་རྒྱས་རྐྱང་རྐྱང་ལ་བསམ་བློ་བཏང་ནས་སྡོད་མཁན་མ་གཏོགས་ནང་བསམ་བློར་འགྱུར་བ་གཏོང་རྒྱུར་བསམ་བློ་གཏོང་མཁན་ཉུང་ཉུང་རེད། སྤྱིར་ཆོས་ལུགས་འདྲ་མིན་མང་པོ་ཡོད་པ་རེད། ཚང་མས་སེམས་པ་བཟང་པོ་བྱེད་དགོས་པ་དང་ཕན་བདེ་སྒྲུབ་དགོས་པ་བཤད་ཀྱི་ཡོད། ལྷག་པར་དུ་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་ཆོས་ཚུལ་འདིས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་གང་ཡོད་རྩལ་དུ་བཏོན་ནས་སེམས་མ་དུལ་བ་ཇི་ལྟར་ཡོང་གི་ཡོད་པ་དང་། སེམས་མ་དུལ་བར་བྱེད་མཁན་ངོ་ཡག་པོ་འཕྲོད་པ་ཡིན་ན་སེམས་ལ་ཞི་བདེ་སྒྲུབ་པའི་འགྲོ་སྟངས་ལ་དོ་སྣང་སླེབས་ཐུབ་པ་ཞིག་གསུང་གི་ཡོད་པས་ཧ་ཅང་ཡག་པོ་རེད། སེམས་ཁམས་རིག་པའི་སྐོར་ལ་སངས་རྒྱས་པའི་གཞུང་ལུགས་ནང་དུ་ཧ་ཅང་མང་པོ་གསུང་གི་འདུག
སྔ་མོ་བོད་དུ་ཡང་གཞུང་སྦྱངས་པ་དང་མ་སྦྱངས་པ་མང་པོས་ཚད་མ་ཟེར་བ་འདི་ནི་འཕྲལ་སེལ་གྱི་མུ་སྟེགས་པར་རྩོད་པ་ཞིག་མ་གཏོགས། རྣམ་མཁྱེན་སྒྲུབ་པའི་ཐབས་ཆེན་པོ་ཡོད་པ་མ་རེད་ཅེས་གསུང་མཁན་ཡོད་པ་རེད། རྗེ་རིན་པོ་ཆེ་རང་གིས་ཚད་མའི་གཞུང་ཧ་ཅང་ཞིབ་ཕྲ་བྱས་ཏེ་སྦྱངས་པ་དང་། རྟོགས་བརྗོད་འདུན་ལེགས་མའི་ནང་དུ། བྱང་ཕྱོགས་འདི་ན་ཚད་མའི་གཞུང་ལུགས་ལ།། སྦྱངས་དང་མ་སྦྱངས་དུ་མ་མགྲིན་གཅིག་ཏུ།། མདོ་དང་སྡེ་བདུན་ཀུན་ལ་བྱང་ཆུབ་དུ།། བགྲོད་པའི་ཉམས་ལེན་རིམ་པ་ཡོད་མིན་ཟེར།། འཇམ་པའི་དབྱངས་ཀྱིས་ཕྱོགས་ཀྱི་གླང་བོ་ལ།། དངོས་སུ་འདི་རྩོམས་འདི་ནི་མ་འོངས་དུས།། འགྲོ་བ་ཀུན་གྱི་མིག་ཏུ་འགྱུར་རོ་ཞེས།། གསུང་གི་གནང་བ་སྩལ་པའང་ཚད་མར་བྱེད།། ཅེས་ཚད་མ་རྣམ་འགྲེལ་ནི་དངོས་ནས་རྣམ་དཔྱོད་འཕེལ་བ་དང་བློ་མིག་འབྱེད་པའི་ལེགས་བཤད་ཅིག་ཆགས་ཡོད་པ་རེད། ཅེས་དང་།
དེ་ནི་མི་རིགས་སྨྲ་བའི་ཕུལ་བྱུང་དུ།། མཐོང་ནས་ལྷག་པར་ཚུལ་དེར་དཔྱད་པ་ན།། ཚད་མ་ཀུན་ལས་བཏུས་པའི་མཆོད་བརྗོད་དོན།། ཚད་མ་གྲུབ་པར་ལུགས་འབྱུང་ལུགས་ལྡོག་གིས།། རྣམ་གྲོལ་དོན་དུ་གཉེར་ལ་བཅོམ་ལྡན་འདས།། ཚད་མར་བསྒྲུབས་ཤིང་དེ་ལས་དེ་ཡི་ནི།། བསྟན་པ་ཁོ་ན་ཐར་འདོད་འཇུག་ངོགས་སུ།། ངེས་པ་གཏིང་ནས་རྙེད་པས་ཐེག་གཉིས་ཀྱི།། ལམ་གྱི་གནད་ཀུན་འདྲིལ་བར་རིགས་ལམ་ནས།། ལེགས་པར་ཐོན་པས་ལྷག་པར་དགའ་བ་རྙེད།། ཚུལ་འདི་བསམ་ཤིང་འདུན་མ་ལེགས་ནས་གདའ།། བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར།། ཞེས་གསུངས་ཡོད། བོད་གངས་ཅན་གྱི་ལྗོངས་སུ་སྐབས་དེར་ཚད་མ་ལ་དེ་ཙམ་དོ་སྣང་མེད་པ་ལྟ་བུ་རེད། ང་ཚོའི་བོད་ལ་འདོད་ཐག་ཉེ་བོ་བྱས་ཏེ་ལྷ་སྒོམ་པ་དང་། སྔགས་བགྲངས་པ་མ་གཏོགས་གཞུང་ལ་ལྟ་རྒྱུར་དེ་ཙམ་རང་དོ་སྣང་མེད་པ་ཞིག་རེད། ཚད་མའི་གཞུང་ནི་མུ་སྟེགས་པའི་འདོད་པ་འགོག་པ་ཞིག་མ་གཏོགས་རྣམ་གྲོལ་སྒྲུབ་པ་ལ་གལ་ཆེན་ཡིན་པར་ངོས་འཛིན་མ་བྱུང་བ་རེད། རྗེ་རིན་པོ་ཆེས་་་་་་རེད་མདའ་བའི་་་་་མདུན་ནས་ཚད་མ་རྣམ་འགྲེལ་གསན་ནས་དམིགས་བསལ་གྱིས་སྦྱོང་བརྡར་གནང་བ་རེད། ཚད་མའི་གཞུང་ལ་སྐབས་རེར་སྣང་ཆུང་གནང་མཁན་ཡོང་གི་ཡོད་ཀྱང་། དེ་ལྟར་མ་རེད། གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་རིགས་པའི་ལམ་ནས་ཡག་པོ་ངོ་འཕྲད་པ་ཞིག་དང་། སེམས་ལ་ངེས་པ་ཐོབ་པ་ལ་ཚད་མ་རིག་པ་ཧ་ཅང་གལ་ཆེན་པོ་རེད། ཅེས་རྗེ་རིན་པོ་ཆེ་རང་གིས་ཚད་མའི་གཞུང་ལ་སྦྱངས་ནས་ཧ་ཅང་ཐུགས་ཕན་སོས་པོ་བྱུང་ཞེས་གསུངས་འདུག ཅེས་དང་།
གཞན་ཡང་། སེམས་ཀྱི་ཞི་བདེའི་སྐོར་ལ་བཀའ་སློབ་སྩལ་དོན། ང་ཚོ་ཆུང་ཆུང་སྐབས་མའི་པང་ཁར་ཡོད་དུས་བྱམས་བརྩེ་ཧ་ཅང་སོས་པ་ལྟ་བུ་རེད། མ་དང་ཁ་བྲལ་ནས་སློབ་གྲྭར་ཕྱིན་པའི་སྐབས་སུ་ཕྱིའི་དངོས་པོ་ཡར་རྒྱས་དང་འབྲེལ་བའི་ཤེས་བྱའི་གནས་ཚུལ་ཤེས་པ་མ་གཏོགས་སེམས་ཀྱི་ཞི་བདེ་ཇི་ལྟར་ཡོང་དགོས་པ་དང་། བྱམས་བརྩེ་གལ་ཆེན་པོ་ཡིན་པའི་གྲས་ལ་སློབ་སྦྱོང་ནང་དོ་སྣང་སྤྲོད་རྒྱུ་ཉུང་དྲགས་ཀྱི་འདུག ངོས་ཀྱིས་དེ་ལྟར་དྲན་གྱི་འདུག ངོས་རང་ལྡི་ལིར་སླེབས་སྐབས་ཤིག་ལ་ལྡི་ལིའི་གཙུག་ལག་སློབ་གཉེར་ཁང་ཁག་གི་དགེ་རྒན་རྣམས་ལ་ཐུག་ནས་གོ་བསྡུར་བྱེད་འདོད་ཡོད། སློབ་གྲྭའི་ནང་ཆོས་ཀྱི་སྐད་ཆ་མིན་པར་སེམས་ཀྱི་ཞི་བདེ་ཇི་ལྟར་བཟོ་དགོས་མིན་དང་། ཞི་བདེ་ཁོང་ཁྲོས་དཀྲུག་གི་ཡོད་པ་སོགས་སློབ་གྲྭའི་སློབ་གསོའི་སྡེ་ཚན་ནང་སླེབས་ཐུབ་པ་ཞིག་བྱུང་ན་སེམས་ཀྱི་ཞི་བདེ་ཡོང་བར་ཏན་ཏན་ཕན་ཐོགས་ཡོང་གི་རེད། དེ་ལྟར་བསམ་བློ་གཏོང་གི་ཡོད།
རྒྱ་གར་འཕགས་པའི་ཡུལ་ལ་ལོ་སྟོང་ཕྲག་གོང་ནས་ཀཱ་རུ་ཎ་(Karuna)དང་། ཨ་ཧིམ་ས་(Ahimsa)ཟེར་བ་ཡོད་པ་རེད། འཚེ་བ་མེད་པ་ནི་བར་སྐབས་གྷན་དྷི་ཡིས་ཧ་ཅང་ཡར་རྒྱས་བཏང་བ་རེད། ཁོང་གི་ཆབ་སྲིད་ཀྱི་འཐབ་རྩོད་མཐའ་གཅིག་ཏུ་འཚེ་བ་མེད་པའི་ཐོག་ཕྱིན་ནས་ཨ་རི་དང་ཨ་ཧྥུ་རི་ཀ་སོགས་འཛམ་གླིང་འདིར་གང་ལ་གང་འཚམ་ཁྱབ་བརྡལ་ཕྱིན་ཡོད་པ་རེད། འཚེ་བ་མེད་པ་ཡོང་བ་ལ་གཙོ་བོ་སེམས་ཀྱི་བྱམས་བརྩེ་དགོས། ཆོས་ཁས་ལེན་མིན་ཅི་ལྟར་ཡང་། གཟུགས་པོའི་འཕྲོད་བསྟེན་གྱི་ཆ་ནས་ཡིན་ནའང་བྱམས་བརྩེ་གལ་ཆེན་པོ་ཡིན་པ་ང་ཚོས་གོ་བསྡུར་བྱེད་ཐུབ་པ་བྱུང་ན་བསམ་བཞིན་ཡོད། གང་ལྟར་རྒྱ་གར་གྱིས་གནའ་རབས་ནས་བྱམས་བརྩེ་བཤད་ཀྱི་ཡོད་པ་རེད་ལ། ཆོས་ལུགས་ཚང་མའི་ནང་དུ་བྱམས་བརྩེ་གསུང་གི་འདུག དེའི་སྒྲུབ་བྱེད་འཇིག་རྟེན་བཀོད་པ་པོ་བཤད་ནས་དད་པའི་ཐོག་ནས་འགྲོ་བཞིན་ཡོད། ང་ཚོའི་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱིས་བྱམས་བརྩེ་སྤེལ་བ་ནི་རིགས་པའི་ཐོག་ནས་སྤེལ་བ་ལས་དད་པའི་ཐོག་ནས་སྤེལ་བའི་སྐད་ཆ་མིན། དེར་བརྟེན། ད་ལྟའི་དུས་ཚོད་འདིར་སེམས་ཀྱི་ཞི་བདེ་ཇི་ལྟར་སྒྲུབ་དགོས་པ་ལ་དོ་སྣང་ཏོག་ཙམ་བྱེད་ཐུབ་ན་དྲན་གྱི་ཡོད། དེའི་ཐོག་ལ་ངོས་ཀྱིས་ཞབས་འདེགས་སྒྲུབ་ཐུབ་ན་ག་ཚོད་ཐུབ་ཐུབ་ཀྱིས་སྒྲུབ་འདུན་ཡོད། ཅེས་སོགས་བཀའ་སློབ་སྩལ་རྗེས་ཚད་མ་རྣམ་འགྲེལ་གྱི་ཆོས་འབྲེལ་དངོས་གཞི་དབུ་འཛུགས་ཀྱིས་ཆུ་ཚོད་ ༩།༤༠ ཙམ་ལ་ཉིན་དང་པོའི་གསུང་ཆོས་གནང་སྒོ་ལེགས་པར་གྲུབ་ཡོད།