༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༩ ཚེས་ ༡༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལྷོ་ཤར་ཨེ་ཤེ་ཡའི་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དཔལ་ལྡན་ཟླ་གྲགས་ཀྱིས་མཛད་པའི་དབུ་མ་འཇུག་པའི་རང་འགྲེལ་གྱི་བཀའ་ཆོས་ཉིན་གཉིས་པར་སྟོན་པ་བཅོམ་ལྡན་འདས་ཀྱིས་བདེན་བཞིའི་རྣམ་གཞག་གསུངས་པའི་དགོངས་དོན་དང་། དེ་ནི་རིགས་པ་དང་ལྡན་པ་ཡིན་པའི་སྐོར་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ ༥༧ ནས་ཕེབས་པའི་མི་གྲངས་ ༦༥༠ གཙོས་དད་ལྡན་སེར་སྐྱ་གྲངས་ ༦༡༠༠ བརྒལ་བར་བཀའ་སློབ་སྩལ་བ་མ་ཟད་ཆོས་ཞུ་བ་རྣམས་ཀྱི་དྲི་བར་བཀའ་ལན་སྩལ་ཡོད་པ་རེད།
དེ་ཡང་སྔ་དྲོའི་ཆུ་ཚོད་བརྒྱད་དང་ཕྱེད་ཀའི་ཐོག་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་ཝེ་ཏི་ནམ་གྱི་དགེ་འདུན་པ་ཁག་གཅིག་གིས་རང་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་དང་། དེ་རྗེས་ཨིན་དྷི་ནེ་ཞི་ཡའི་སེར་སྐྱ་ཕོ་མོ་ཁག་ཅིག་གིས་རང་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་དང་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།
དེ་རིང་ཆོས་འབྲེལ་ཉིན་གཉིས་པ་རེད། ང་ཚོ་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཤ་སྟག་རེད། དུད་འགྲོ་ཚུན་ཆད་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་རེད། འཛམ་གླིང་འདིར་སྟོན་པ་མང་པོ་བྱུང་ཡོད། ད་ལྟ་ཡིན་ནའང་འཛམ་གླིང་འདིར་མུ་སྟེགས་པའི་སྟོན་པ་དང་། ཁ་ཆེའི་སྟོན་པ། ཇོའུ་སྟོན་པ་སོགས་ཡོད། དེ་དག་ནི་སྡུག་བསྔལ་སེལ་བའི་དོན་དུ་འགྲོ་དོན་མཛད་མཁན་ཤ་སྟག་ཡིན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྡུག་བསྔལ་ནི་རྒྱུ་མེད་པ་ལས་བྱུང་བ་མ་ཡིན་པར་རང་གི་རྒྱུ་ལ་རྟེན་ནས་བྱུང་བ་དང་། རྒྱུ་དེ་ཡང་སྡུག་བསྔལ་ཉམས་སུ་མྱོང་མཁན་གྱི་བསམ་བློ་དང་བྱ་སྤྱོད་ཀྱི་ཐོག་ནས་གྲུབ་ཀྱི་ཡོད། ཅེས་གསུངས་ཤིང་། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསླབ་བྱ་མདོར་བསྡུས་ནས། སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་བསྒོམ་པར་བྱ། ཞེས་བདེན་བཞིའི་ངོ་བོ་ལ་བཟླས་པ་དང༌། སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་བསྒོམ་པར་བྱ། ཞེས་བདེན་བཞིའི་བྱ་བ་ལ་བཟླས་པ། དེ་ནས་སྡུག་བསྔལ་ངོ་འཕྲོད་པ་ཞིག་དགོས་གསུངས། གཞན་སྐབས་རེར་སྡུག་བསྔལ་ལ་ཕྱི་ལྟར་དུ་བདེ་སྐྱིད་ཀྱི་རང་བཞིན་དང་། ནང་ལྟར་དུ་སྡུག་བསྔལ་ཡོང་རྐྱེན་ཆགས་ཀྱི་ཡོད་པས་སྡུག་བསྔལ་ཤེས་དགོས་པར་གསུངས། སྡུག་བསྔལ་རྒྱུ་མེད་པར་རང་དགར་བྱུང་བ་མ་རེད། དེར་བརྟེན། རྒྱུ་རྩད་གཅོད་བྱས་ཏེ་སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། ཞེས་སྡུག་བསྔལ་ཀུན་ཏུ་འབྱུང་བའི་རྒྱུ་དེ་རྩད་བཅད་ནས་དེ་བཟློག་དགོས་པ་རེད། གང་ལྟར་འབྲས་བུ་སྡུག་བསྔལ་མི་འདོད་པ་ཡིན་པས་འབྲས་བུ་སྡུག་བསྔལ་གྱི་རྒྱུ་ཤེས་པར་བྱས་ནས་བཟློག་དགོས་པ་རེད་ཅེས་གསུངས་པ་རེད། རིགས་པ་དང་ལྡན་པ་རེད། སྨོན་ལམ་རྒྱབ་ནས་སྡུག་བསྔལ་སེལ་གྱི་རེད་གསུངས་ཡོད་པ་མ་རེད།
སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་ནི་ཕྱི་ལོག་ལ་མཛུབ་མོ་འཛུགས་རྒྱུའི་སྐད་ཆ་མ་རེད། ལས་དང་ཉོན་མོངས་པའི་ཀུན་འབྱུང་། རང་གི་རྒྱུད་མ་དུལ་བའི་ཐོག་ནས་ལས་ངན་པ་བསགས་པ་དེས་སྡུག་བསྔལ་སྐྱེས་ཀྱི་ཡོད། རང་གི་སེམས་མ་དུལ་བའི་ཐོག་ནས་ཀུན་འབྱུང་སྡུག་བསྔལ་གྱི་རྒྱུ་གྲུབ་ཀྱི་ཡོད་པས་དེ་ཡག་པོ་ཤེས་པར་བྱས་ཏེ་མེད་པ་བཟོ་ཐུབ་ན་འགོག་པའི་བདེན་པ་ཐོབ་ཡོང་གི་རེད། དེ་ལ་འགོག་པ་མངོན་དུ་བྱ་ཞེས་སྡུག་བསྔལ་གཏན་དུ་སེལ་བའི་བྲལ་བ་མངོན་དུ་བྱེད་ཐུབ་ཀྱི་རེད། དེ་ལྟ་བུའི་དམིགས་ཡུལ་འཆར་ཡོང་སྐབས་འགོག་བདེན་ཐོབ་པ་ལ་བསླབ་པ་གསུམ་གྱི་ལམ་བསྒོམ་དགོས། གཙོ་བོ་ལམ་གྱི་བདེན་པ་རེད། དེ་ལ་ལུས་ངག་གི་སྡོམ་པ་སྲུང་བ་དང་། གཙོ་བོ་ཡིད་བློ་དེ་ཉོན་མོངས་པའི་གཞན་དབང་དུ་མ་བཏང་བ་བྱེད་དགོས་པ་དེ་རེད། དེར་བརྟེན། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ།། འདི་ནི་ཀུན་འབྱུང་འཕགས་པའི་བདེན་པའོ།། འདི་ནི་འགོག་པ་འཕགས་པའི་བདེན་པའོ།། འདི་ནི་ལམ་འཕགས་པའི་བདེན་པའོ།། ཞེས་བདེན་པ་བཞི་གསུངས་པ་རེད།
དེ་ནས་སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་བསྒོམ་པར་བྱ། ཞེས་མཇུག་ལྡོག་ཇི་ལྟར་བྱེད་དགོས་ཀྱི་ཡོད་མེད་རེད། ང་ཚོར་སྡུག་བསྔལ་ཟེར་སྐབས་འགོག་དུ་མེད་པ་ཞིག་བློ་ལ་ཤར་ཡོང་གི་ཡོད་ཀྱང་། རྒྱུ་དང་རྐྱེན་ལ་ལྟ་སྐབས་སྡུག་བསྔལ་རང་མཚན་གྱིས་གྲུབ་པ་ཞིག་མེད་པས་སྡུག་བསྔལ་ཤེས་པར་བྱ་སྟེ་ཤེས་པར་བྱར་མེད། ཀུན་འབྱུང་སྤང་བར་བྱ་སྟེ་སྤང་བར་བྱར་མེད། འགོག་པ་མངོན་དུ་བྱ་སྟེ་མངོན་དུ་བྱར་མེད། ལམ་བསྒོམ་པར་བྱ་སྟེ་བསྒོམ་པར་བྱར་མེད་ཅེས་བདེན་བཞི་འདི་གསུངས། ཡིན་ནའང་། དོན་དམ་པའི་དབང་དུ་བྱས་པ་དང་བསམ་བློ་ཞིབ་ཚགས་པོ་བཏང་ན། སྡུག་བསྔལ་ཤེས་པར་བྱ་སྟེ་ཤེས་པར་བྱར་མེད། ཀུན་འབྱུང་སྤང་བར་བྱ་སྟེ་སྤང་བར་བྱར་མེད། འགོག་པ་མངོན་དུ་བྱ་སྟེ་མངོན་དུ་བྱར་མེད། ལམ་བསྒོམ་པར་བྱ་སྟེ་བསྒོམ་པར་བྱར་མེད། ཅེས་བདེན་བཞིའི་ངོ་བོ་ལ་བཟླས་པ་དང༌། བྱ་བ་ལ་བཟླས་པ། བྱ་བ་འབྲས་བུ་དང་བཅས་པ་ལ་བཟླས་པ་ཞེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་སྡོམ་ཧ་ཅང་ཆེན་པོ་ཞིག་གསུངས་འདུག སྡུག་བསྔལ་ཤེས་པར་བྱ་སྟེ་ཤེས་པར་བྱར་མེད། ཅེས་སོགས་གསུངས་ནས་བྱ་བ་འབྲས་བུ་དང་བཅས་པ་ལ་བཟླས་པ་ཞེས་སོགས་ཞིབ་ཚགས་པོ་འཁོར་ལོ་བར་བའི་སྐབས་སུ་གསུངས་ནས་གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཐམས་ཅད་སྣང་བ་ལྟར་དུ་གྲུབ་མེད། སྣང་བ་ལྟར་དུ་གྲུབ་ཡོད་མེད་རིགས་པས་དཔྱད་ཚེ་དོན་གྱི་ངོས་ནས་གྲུབ་པ་གཏན་ནས་ཡོད་པ་མ་རེད་ཅེས་གསུངས་པ་འདི་རེད།
ང་ཚོའི་སངས་རྒྱས་པའི་ཆོས་ནི་བདེན་པ་བཞི་ལ་བརྟེན་ཡོད། སྡུག་བསྔལ་གྱི་རྒྱུ་ངོས་ཟིན་པ་དང་། རྒྱུ་དེ་མཐར་གཏུགས་ན་ཕྱིན་ཅི་ལོག་གི་བློ་ཞིག་གིས་ཡོང་གི་ཡོད་པས་ཕྱིན་ཅི་ལོག་གི་བློ་དེ་སེལ་ཐབས་ཡོད་མེད་ལ་བསམ་བློ་གཏོང་དུས་དངོས་གནས་བཅོམ་ལྡན་འདས་ཀྱིས་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་དང་། སྡུག་བསྔལ། ཀུན་འབྱུང་། འགོག་པ། ལམ་ཞེས་སྡོམ་ཆེན་པོ་འདི་གསུངས་པ་རེད། ང་ཚོ་བཅོམ་ལྡན་འདས་ཀྱི་རྗེས་སུ་འབྲང་ནས་ལམ་ལ་སློབ་པའི་ཚེ་སངས་རྒྱས་པའི་ཆོས་ལེའུ་ཚན། ལེའུ་ཚན་ལྟར་ཆོ་ག་འདོན་པ་དང་། སྔགས་བགྲངས་པ་ལྟ་བུ་ཙམ་མིན་པར་གཙོ་བོ་བདེན་བཞིའི་རྣམ་གཞག་ཤེས་པའི་ཐོག་ནས་སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་བསྒོམ་པར་བྱ་ཞེས་པའི་སྡོམ་ཆེན་པོ་འདིའི་ཐོག་ནས་སེམས་རྒྱུད་མ་ཞི་བ་ཞི་བར་བྱས་ཏེ། མ་ཤེས་པའི་རྐྱེན་ལས་བྱུང་བའི་སྡུག་བསྔལ་རྣམས་རིམ་བཞིན་མེད་པར་བཟོ་ཐུབ་པ་ཞིག་གསུང་གི་ཡོད། དེ་ནི་རྒྱུ་མཚན་ལྡན་པ་རེད། དངོས་ཡོད་གནས་ཚུལ་དང་མཐུན་པ་དང་རྒྱུ་འབྲས་ཀྱི་འགྲོ་སྟངས་ལྟར་གསུངས་ཡོད་པས་ཧ་ཅང་རྩ་ཆེན་པོ་རེད། བཅོམ་ལྡན་འདས་ལ་སྨོན་ལམ་བརྒྱབ་ན་འདོད་དོན་འགྲུབ་ཀྱི་རེད་ཟེར་བའི་སྐད་ཆ་མིན་པར་རང་རྒྱུད་ལ་ཡོད་པའི་སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་ངོ་ཤེས་པར་བྱས་ཏེ་སྤང་དགོས། དེ་སྤོང་ཐུབ་ཀྱི་རེད་དམ་ཞེ་ན་སྡུག་བསྔལ་གྱི་རྒྱུ་རྩ་བ་མ་རིག་པ་ཕྱིན་ཅི་ལོག་པའི་བློ་ཡིན་པ་དང་། དེའི་ལྡོག་ཟླའི་བློ་ཚད་མ་ཞིག་ཡིན་པས་དེ་ལ་བསམ་བློ་ཡང་ཡང་བཏང་ཚེ་ཐོག་མར་ཐེ་ཚོམ་ཞིག་སླེབས། དེ་ནས་ཡིད་ཆེས་ཀྱི་གོ་བ་ཞིག་སླེབས། དེ་ནས་ཚད་མའི་ངེས་པ་རྙེད་ཡོང་སྐབས་འགོག་བདེན་ཐོབ་ཐུབ་པ་ཞིག་དང་ཡོད་པ་བློ་ལ་ཤར་ཡོང་བ་ཞིག་རེད། དེའི་ཐོག་ནས་སྦྱོར་ལམ་གྱི་གནས་སྐབས་ནས་བཟུང་འགོག་བདེན་རྗེས་མཐུན་པ་དང་། དེ་ནས་མཐོང་ལམ་ཡར་ཕྱིན་ནས་འགོག་བདེན་ཐོབ་པ་ཟེར་བ་ནི་རིགས་པ་དང་ལྡན་པ་དངོས་ཡོད་གནས་ཚུལ་དེ་འདྲ་ཞིག་མཐོང་ཡོང་སྐབས་སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་བསྒོམ་པར་བྱ། དེ་ལྟ་བུའི་འགོག་བདེན་ཁ་ཡོད་ཀྱིས་སོ་སོར་ཐོབ་ཐུབ་པ་ཞིག་ཡོད་པས་དེ་ཐོབ་པའི་དོན་དུ་ལམ་སྒོམ་དགོས་ཞེས་བང་འགྲིག་པོ་རྒྱུ་མཚན་ལྡན་པ་ཧ་ཅང་ཡག་པོ་ཞིག་གསུངས་འདུག
ང་ཚོ་ཚང་མས་སྔོན་ལ་སྡུག་བསྔལ་གྱི་སྡུག་བསྔལ་དང་འགྱུར་བའི་སྡུག་བསྔལ། འདུ་བྱེད་ཀྱི་སྡུག་བསྔལ་བཅས་ངོ་འཕྲོད་པ་ཞིག་དང་། ཀུན་འབྱུང་བཤད་སྐབས་ལས་ཀྱི་ཀུན་འབྱུང་དང་། ཉོན་མོངས་པའི་ཀུན་འབྱུང་ཡག་པོ་ཞིག་ཤེས་པར་བྱས། དེ་ལ་གཉེན་པོ་གང་དག་ཡོང་གི་ཡོད་མེད་ལ་བསམ་བློ་ཡག་པོ་གཏོང་དགོས། མི་རྟག་པ་ལ་རྟག་པར་འཛིན་པའི་བློ་དེ་མི་རྟག་པ་རྟོགས་པའི་བློ་དེས་གང་འཚམ་ཤུགས་ཆུང་དུ་འགྲོ་བ། སྡུག་བསྔལ་བདེ་བར་ཞེན་པའི་བློ་དེས་སྡུག་བསྔལ་གྱི་ཕྲ་རགས་ལ་བསམ་བློ་ཡག་པོ་བཏང་བ་ཡིན་ན་སྡུག་བསྔལ་བདེ་བར་ཞེན་པའི་བློ་དེ་ག་ལེར་མེད་པ་ཆགས་ཐུབ་པ་ཞིག་གི་ཐོག་ནས་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཟེར་བ་འདི་འགན་ལྕི་ཤོས་རེད། དེར་བསམ་བློ་བཏང་ནས་སྣང་བ་ལྟར་དུ་གྲུབ་མེད་པ། ཚད་རྡུལ་དངོས་ཁམས་རིག་པས་ཀྱང་གང་ལ་གང་འཚམ་འདྲ་བོ་ཞིག་བཤད་ཡོང་གི་འདུག དོན་གྱི་ངོ་ནས་ཡོད་པར་སྣང་ཡང་། དོན་གྱི་ངོས་ནས་ཡོད་པ་མ་རེད་ཅེས་ཚིག་རང་མེད་ཀྱང་བཏགས་པའི་དབང་གིས་ཡོད་པ་ཞིག་བཤད་ཀྱི་འདུག སློབ་སྦྱོང་བྱས་ཏེ་མཐར་གཏུགས་ན་ཆོས་ཐམས་ཅད་རྟེན་འབྱུང་ཟེར་བ་རྟེན་ནས་བཏགས་པ་ཙམ་མ་གཏོགས་ངོ་བོ་ཉིད་ཀྱིས་གྲུབ་པ་གཏན་ནས་མི་འདུག་བསམ་པའི་ཆོས་ཉིད་ཀྱི་དོན་ཡག་པོ་ཞིག་བློ་ལ་ཤར་བ་དང་། དེ་སྒོམ་རིམ་ནང་སྡུག་བསྔལ་གྱི་རྒྱུ་མ་རིག་པ་དེ་ག་ལེར་ཤུགས་ཆུང་དུ་ཕྱིན་ནས་མཐར་སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་ལ་གཉེན་པོ་བསྟེན་ནས་མེད་པ་ཆགས་སྐབས་དེ་དང་བྲལ་བའི་བྲལ་བའི་ཡོན་ཏན་མངོན་དུ་བྱེད་ཐུབ། དེ་ལྟ་བུའི་འགོག་བདེན་མངོན་དུ་བྱེད་པ་ཤེས་བྱ་ལ་ཡོད་པ་ཞིག་དང་། སོ་སོས་བསམ་བློ་བཏང་ནས་འདི་རྒྱུ་མཚན་ལྡན་པ་ཞིག་རེད་བསམ་པ་བྱུང་ན་དེའི་དོན་དུ་ལམ་སྒོམ་པར་བྱ་ཞེས་གསུངས་འདུག ཅེས་བཀའ་སྩལ་བ་དང་།
གཞན་ཡང་བཀའ་སློབ་སྩལ་དོན། ངོས་རང་ངོ་སྤྲོད་བྱེད་པ་ལ། རྗེ་རིན་པོ་ཆེའི་རྟེན་འབྲེལ་བསྟོད་པ་ལས། སྟོན་དེའི་རྗེས་སུ་རབ་ཏུ་བྱུང་གྱུར་ཏེ།། རྒྱལ་བའི་གསུང་ལ་སྦྱངས་པ་མི་དམན་ཞིང༌།། རྣལ་འབྱོར་སྤྱོད་ལ་བརྩོན་པའི་དགེ་སློང་ཞིག། དྲང་སྲོང་ཆེན་པོ་དེ་ལ་དེ་ལྟར་གུས།། ཞེས་གསུངས་པ་ལྟར། བཅོམ་ལྡན་འདས་ནས་རིམ་བཞིན་བར་མ་ཆད་པར་བརྒྱུད་པའི་དགེ་ཚུལ་སློང་གི་སྡོམ་པ་བླངས། དེའི་ཐོག་ནས་སངས་རྒྱས་ཀྱི་གསུང་རབ་ལ་ཆུང་དུས་ནས་སློབ་སྦྱོང་བྱས་ཏེ་ཡོང་བ་རེད། ཉིན་རེ་བཞིན་དུ་བཅོམ་ལྡན་འདས་ཀྱི་གསུང་གི་ཉིང་ཁུ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་ཉམས་ལེན་བྱེད་མཁན་ཞིག་དང་། རྣལ་འབྱོར་སྤྱོད་ལ་བརྩོན་པའི་དགེ་སློང་ཞིག། དྲང་སྲོང་ཆེན་པོ་དེ་ལ་དེ་ལྟར་གུས།། ཞེས་གསུངས་པ་ལྟར་ངོས་རང་ཡང་དེ་ལ་ཏག་ཏག་འགྲོ་གི་འདུག ཅེས་བཀའ་སློབ་སྩལ་རྗེས་དེ་རིང་དྲི་བ་དྲིས་གཙོ་བོ་བྱེད་ཀྱི་ཡིན་པ་བཀའ་ཕེབས་པ་དང་། དྲི་བ་ཁག་ལ་བཀའ་ལན་སྩལ་ཏེ་མཐར་ལྷོ་ཤར་ཨེ་ཤེ་ཡའི་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གིས་བཀའ་དྲིན་གཏང་རག་གི་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་ཉིན་གཉིས་རིང་གི་ལྷོ་ཤར་ཨེ་ཤེ་ཡའི་དད་ལྡན་མི་མང་ལ་གསུང་ཆོས་གནང་སྒོ་ལེགས་པར་གྲུབ་ཡོད་པ་དང་།
ཐེངས་འདིའི་ལྷོ་ཤར་ཨེ་ཤེ་ཡའི་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་སྐད་དུ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆོས་འབྲེལ་བཀའ་དྲིན་སྩལ་བ་ཨིན་སྐད། ཧིན་དི། རྒྱ་སྐད། ཉི་ཧོང་སྐད། ཝེ་ཏི་ནམ་གྱི་སྐད། ཀོ་རི་ཡའི་སྐད། སོག་སྐད། རཱ་ཤཱི་ཡའི་སྐད། ཨི་ཊ་ལིའི་སྐད། ཧྥ་རན་སིའི་སྐད། ཕོར་ཇི་གྷལ་གྱི་སྐད། སི་པིན་ནི་ཞི་སྐད། འཇར་མན་གྱི་སྐད། ཐའེ་ཡི་སྐད། ཨིན་དྷི་ནེ་ཞི་ཡའི་སྐད་བཅས་སྐད་རིགས་བཅོ་ལྔར་གསུང་བསྒྱུར་གྱིས་དྲ་ལམ་སོ་སོ་ནས་ཐད་གཏོང་ཞུས་ཡོད་པ་བཅས།།