༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༡༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཁ་ཆེའི་འབྲེལ་མཐུད་ཚོགས་པས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ལ་དྭགས་ཤེལ་གྱི་ཤཱ་ཨི་ཧམ་དྷན་(Shah-e-Hamdan)ཞེས་པའི་ཁ་ཆེའི་མཆོད་ཁང་དུ་གཟིགས་སྐོར་དང་། ཁ་ཆེའི་ཆོས་གྲོགས་ཚོར་བཀའ་སློབ་དང་དྲི་བར་བཀའ་ལན་སྩལ་རྗེས་ཉིན་གུང་ལྗགས་སྨིན་གནང་ཡོད་པ་རེད།
དེ་ཡང་སྔ་དྲོ་ཆུ་ཚོད་ ༡༠།༠༠ ནས་ཞི་བའི་ཚལ་ཕོ་བྲང་དུ་སྔ་ཕྱིར་གནད་ཡོད་མི་སྣ་ཁག་གཅིག་ལ་མཇལ་ཁ་གནང་རྗེས་ལ་དྭགས་ཤེལ་གྱི་ཤཱ་ཨི་ཧམ་དྷན་(Shah-e-Hamdan, Masjid sharif Shey )ཞེས་པའི་ཁ་ཆེའི་མཆོད་ཁང་དུ་ཆིབས་བསྒྱུར་བསྐྱངས་པ་དང་། སྐབས་དེར་ལ་དྭགས་ཁ་ཆེའི་འབྲེལ་མཐུད་ཚོགས་པའི་གནད་ཡོད་མགོ་ཁྲིད་ཁག་དང་། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་གླེའི་སྡེ་དཔོན་བཀྲ་ཤིས་རྒྱལ་མཚན་ལགས། རྒྱ་གར་དབུས་གྲོས་ཚོགས་ཀྱི་ལ་དྭགས་སྤྱི་འཐུས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས། ཁྲིག་རྩེ་རིན་པོ་ཆེ་མཆོག ལ་དྭགས་ནང་པའི་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་ཚེ་དབང་ལགས། གཞན་ཡང་བླ་དཔོན་དང་ཁ་ཆེའི་རྗེས་འབྲངས་ཀྱི་མི་མང་བརྒྱ་ཕྲག་བཅས་ནས་ཕེབས་བསུ་དང་བཅས་སྡིངས་ཆར་༸ཞབས་སོར་འཁོད་མཚམས་སྔར་སྲོལ་དགའ་བསུ་དང་། ཁ་ཆེའི་ཆོས་ཀྱི་སྨོན་ལམ་གསོལ་འདེབས་གནང་བ་དང་། དེ་རྗེས་སོན་ནི་(sunni)ཁ་ཆེའི་ཆོས་ལུགས་རྗེས་འབྲངས་ཀྱི་ཚོགས་གཙོ་ཨབ་རྡུལ་ཀ་ལམ་(Abdul Quayoum)ལགས་དང་། ཞིས་འ་(Shia)ཁ་ཆེའི་ཆོས་ལུགས་རྗེས་འབྲངས་ཀྱི་ཚོགས་གཙོ་ཨ་ཞར་ཧྥུ་ཨ་ལི་བྷར་ཆི་(Ashraf Ali Barch) ལགས་གཉིས་ཀྱིས་སྔ་ཕྱིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལོ་གསུམ་གྱི་རྗེས་སུ་ལ་དྭགས་སུ་ཆིབས་བསྒྱུར་བསྐྱངས་ནས་ང་ཚོས་དངོས་སུ་ལྗགས་སྨིན་ཕུལ་རྒྱུ་བྱུང་བ་ནི་ཧ་ཅང་སྐལ་བ་བཟང་པ་ཡིན་པ་དང་། ༸གོང་ས་མཆོག་དངོས་སུ་ཆོས་ལུགས་སོ་སོའི་མཆོད་ཁང་དུ་ཕེབས་ནས་ཆོས་ལུགས་མཐུན་འབྲེལ་སྐོར་ལ་བཀའ་སློབ་ལམ་སྟོན་གནང་བ་ནི་ང་ཚོའི་བསོད་ནམས་རེད་ཅེས་སོགས་ཕེབས་བསུའི་གསུང་བཤད་གནང་བ་དང་།
དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚམས་འདྲི་དང་འབྲེལ་མགོན་པོ་གང་ཉིད་མཆོག་གི་འཁྲུངས་ཡུལ་དུ་ཁ་ཆེའི་མི་ཚང་མང་པོ་ཡོད་པ་དང་། ལྷ་སར་ཁ་ཆེའི་ཚོང་པ་རྣམས་བོད་གཞུང་གི་གཞུང་འབྲེལ་མཛད་སྒོ་ནམ་ཡིན་ལ་ཡོང་གི་ཡོད་པ་སོགས་སྐུ་ན་ཆུང་དུས་ནས་ཁ་ཆེའི་གྲོགས་པོ་ཚོ་དང་མཉམ་དུ་རྒྱུས་ཡོད་ཡིན་སྐོར་བཀའ་སློབ་སྩལ་བ་དང་། གཞན་ཡང་། ལ་དྭགས་སུ་ནང་པ་དང་ཁ་ཆེའི་ཆོས་ལུགས་དབར་རྙོག་དྲ་མེད་པར་མཐུན་འབྲེལ་ངང་གནས་པ་ནི་ཧ་ཅང་རྩ་ཆེན་པོ་ཡིན་པར་བསྔགས་བརྗོད་དང་འབྲེལ་ཆོས་ལུགས་མི་འདྲ་བ་ཚང་མའི་བསླབ་བྱ་ནི་བྱམས་བརྩེ་ཡིན་པ་དང་། ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་དེ་ནི་མི་སོ་སོའི་ཁམས་དང་མོས་པར་གང་མཐུན་ཡིན་པས་ཕན་ཚུན་འཆམ་མཐུན་ངང་གནས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་སོགས་བཀའ་སློབ་དང་། རྒྱ་གར་ལ་གནའ་སྔ་མོ་ནས་བྱམས་བརྩེ་དང་འཚེ་བ་མེད་པའི་རིག་གནས་དར་ཡོད་པས་དེང་རབས་ཤེས་ཡོན་ནང་བྱམས་བརྩེ་དང་། འཚེ་མེད་ཞི་བའི་སློབ་སྦྱོང་དགོས་གལ་ཆེན་པོ་ཡིན་སྐོར་བཀའ་སྩལ་བ་དང་། མཐར་བཀའ་སློབ་གསན་པར་ཕེབས་པའི་ཁ་ཆེའི་ཆོས་གྲོགས་ཁག་གཅིག་གིས་བཀའ་འདྲི་ཞུས་པར་བཀའ་ལན་སྩལ་རྗེས་ཉིན་གུང་ལྗགས་སྨིན་གནང་སྟེ་ལྕོག་ལམ་ཚལ་ཞི་བའི་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད། མཛད་སྒོ་འདིར་ནང་པ་དང་ཧིན་དི་སོགས་ཆོས་ལུགས་ཁག་གི་མི་སྣ་མཉམ་བཞུགས་གནང་ཡོད་པ་རེད།