༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་གླེ་ལྕོག་ལམ་ཚལ་གྱི་ཞི་བའི་ཚལ་ཕོ་བྲང་ནས་ཐད་འཕུར་གནམ་གྲུ་བརྒྱུད་ལ་དྭགས་ལིང་ཤེད་དགོན་གྱི་དབྱར་ཆོས་ཆེན་མོའི་མཇུག་བསྡོམས་མཛད་སྒོའི་ཚོགས་མགོན་དུ་ཆིབས་བསྒྱུར་གྱིས་བློ་སྦྱོང་ཚིགས་བརྒྱད་མའི་བཀའ་ཆོས་བཀའ་དྲིན་སྩལ་ཡོད་པ་རེད།
དེ་ཡང་སྔ་དྲོ་ཆུ་ཚོད་ ༡༡ ཡོལ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྕོག་ལམ་ཚལ་ཞི་བའི་ཚལ་ཕོ་བྲང་ནས་ཤེལ་ཐད་འཕུར་གནམ་གྲུའི་གནམ་ཐང་དུ་ཆིབས་བསྒྱུར་གྱིས་ཐད་འཕུར་གནམ་གྲུར་བཞུགས་སྟེ་དུས་ཡུན་སྐར་མ་ ༣༠ རྗེས་མཚོ་ངོས་ལས་མི་ཊར་༤༠༥༠(meters) ཡོད་པའི་ལ་དྭགས་གླེ་ཁོངས་ལིང་ཤེད་ཞེས་པའི་ས་ཆར་༸ཞབས་སོར་བདེ་བོར་འཁོད་པ་དང་། སྐབས་དེར་དབྱར་ཆོས་གོ་སྒྲིག་ཚོགས་ཆུང་གིས་གཙོས་དད་ལྡན་སེར་སྐྱ་མི་མང་གིས་ཕེབས་བསུ་གཟབ་རྒྱས་ཀྱིས་ལིང་དགོན་གསུང་ཆོས་རྭ་བའི་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་གླེའི་སྡེ་དཔོན་བཀྲ་ཤིས་རྒྱལ་མཚན་ལགས་ཀྱིས་ཕེབས་བསུའི་གསུང་བཤད་དང་། ལིང་ཤེད་དབྱར་ཆོས་ཆེན་མོའི་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམས་ཀྱིས་མཎྜལ་རྟེན་གསུམ་འདེགས་འབུལ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཟེངས་རྟགས་ཤིག་འབུལ་ལམ་ཞུས་རྗེས་མགོན་པོ་གང་ཉིད་མཆོག་གིས་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་བཀའ་ཆོས་དབུ་འཛུགས་ཀྱིས་སྔོན་འགྲོའི་བཀའ་སློབ་སྩལ་དོན།
ཁྱོད་རང་ཚོ་ལ་དྭགས་ལིང་ཤེད་དགོན་གྱི་དབྱར་ཆོས་ཆེན་མོ་རེད། ཁྱོད་རང་ཚོ་དགོན་པ་གྲྭ་ཚང་ཚོས་སོ་སོའི་འཆར་ཅན་གྱི་ཁ་བཏོན་འདོན་པ་ཙམ་མ་ཡིན་པར་དཔེ་ཆར་ཏོག་ཙམ་སློབ་སྦྱོང་བྱེད་པ་ནི་ཧ་ཅང་གལ་ཆེན་པོ་རེད། ལ་དྭགས་དགོན་ཁག་ཚོས་དཔེ་ཆ་བལྟ་རྒྱུར་དོ་སྣང་ཤུགས་ཆེན་པོ་ཡོད་པ་དེ་ལ་དགའ་བསུ་ཡོད། ཧ་ཅང་ཡག་པོ་རེད། སློབ་ཕྲུག་ཕོ་མོ་ཚོ་ཡིན་ནའང་རིགས་ལམ་ལ་དོ་སྣང་བྱེད་པ་ནི་ཆོས་ཀྱི་སྐད་ཆ་མ་ཡིན་པར་མིའི་རྣམ་དཔྱོད་གོང་ནས་གོང་དུ་སྤེལ་བའི་དོན་དག་གལ་ཆེན་ཆགས་ཡོད། ཆོས་ལུགས་ནང་པ་དང་། ཁ་ཆེ། ཧིན་དྷི། འཇེན་སོགས་གང་འདྲ་ཞིག་ཡིན་ནའང་དེ་ནི་གནས་ཚུལ་ཁ་ཁ་དང་སྒེར་གྱི་དོན་དག་རེད། རིགས་ལམ་བསླབ་པ་དེས་བློ་གསལ་རུ་འགྲོ་བར་ཁྱད་པར་ཆེན་པོ་ཡོད།
ང་ཚོ་རྒྱ་གར་ལ་སླེབས་མ་ཐག་ཏུ་ནེ་ཧ་རུ་ལ་ང་ཚོ་བོད་པར་རིག་གཞུང་རྙིང་ཁུངས་དང་ལྡན་པའི་སྐད་ཡིག་ཅིག་ཟུར་དུ་ཡོད་པས་རྒྱ་གར་དུ་ང་ཚོའི་བོད་ཕྲུག་ཚོས་བོད་ཡིག་བསླབ་རྒྱུ་ཧ་ཅང་གལ་ཆེན་པོ་འདུག་ཅེས་ཞུས་པ་ཡིན། རྒྱ་གར་དུ་ཡོད་པའི་ང་ཚོའི་བོད་ཕྲུག་ཚོར་བོད་ཡིག་བསླབ་རྒྱུར་ནེ་ཧ་རུས་རྒྱབ་སྐྱོར་གཙང་མ་གནང་རྒྱུ་བྱུང་། ང་ཚོའི་སློབ་གྲྭ་ཁག་ཏུ་མགོ་སྟོད་ཆོས་དགེ་ཞེས་པའི་མིང་ཞིག་འཁྱེར་ནས་སྐྱབས་འགྲོ་སེམས་བསྐྱེད་ལྟ་བུ་ཁྲིད་མཁན་ཞིག་བྱུང་སོང་། ངོས་ཀྱིས་དེ་འགྲིག་གི་མི་འདུག ལྟ་གྲུབ་དགེ་རྒན་ཟེར་དགོས་ཀྱི་འདུག ཆོས་ཀྱི་ཐོག་ལ་ནང་པ་ཡིན་མིན་དང་། ཆོས་ལ་དད་པ་ཡོད་མེད་གནས་ཚུལ་ཁ་ཁ་རེད། གང་ལྟར་ང་ཚོ་བོད་ཀྱི་རིག་གཞུང་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་ཕྱག་སྲོལ་རིགས་ལམ་ཐུན་མོང་མ་ཡིན་པ་བཟུང་ཡོད་པ་དེ་ཉམས་པ་སོར་ཆུད་དང་། མི་ཉམས་གོང་འཕེལ་བྱེད་རྒྱུ་ངོས་ཀྱི་ལས་འགན་ཆེན་པོ་ཞིག་བྱེད་ཀྱི་ཡིན། དེར་བརྟེན། ང་ཚོའི་སློབ་གྲྭའི་ཆོས་དགེ་ཞེས་པའི་མིང་མེད་པ་བྱས་ཏེ་ལྟ་གྲུབ་དགེ་རྒན་ཞེས་པའི་མིང་བཏགས་པ་ཡིན། ཞེས་སོགས་དང་བདག་མེད་པའི་ལྟ་བའི་སྐོར་ལ་བཀའ་སློབ་དང་།
དེ་ནས་བརྩེ་བ་གལ་ཆེན་པོ་ཡིན་པའི་སྐོར་ལ་བཀའ་སློབ་སྩལ་དོན། སྤྱིར་བཏང་སྲོག་ཆགས་ལ་མངལ་སྐྱེས། སྒོང་སྐྱེས། དྲོད་སྐྱེས། རྫུས་སྐྱེས་བཅས་ཡོད་པ་རེད། དྲོད་སྐྱེས། རྫུས་སྐྱེས་ལ་བརྩེ་བ་བཤད་ཐུབ་ཀྱི་མི་འདུག མ་ཡི་མངལ་ལས་ཡོང་བའི་མངལ་སྐྱེས་དང་སྒོ་ང་ལས་སྐྱེས་པའི་སྒོང་སྐྱེས་ཀྱི་ཨ་མས་བྱེའུ་ལ་ཧ་ཅང་བརྩེ་བ་བྱེད་ཀྱི་འདུག བྱེའུ་ཚོས་ཀྱང་དགྲ་ཡོང་བའི་ཉེན་ཁ་མཐོང་ན་ཨ་མའི་སར་འགྲོ་བ་ཞིག་རེད། གང་ལྟར་མངལ་སྐྱེས་དང་སྒོང་སྐྱེས་གཉིས་ཀྱི་ཚེ་ནི་བརྩེ་བའི་ཐོག་ནས་མགོ་ཚུགས་ཡོད། ཅེས་དང་།
གཞན་ཡང་། འཛམ་གླིང་ཞི་བདེ་ནི་ནང་སེམས་ཀྱི་ཞི་བདེ་རྒྱུད་ནས་ཡོང་དགོས་པར་བཀའ་སློབ་སྩལ་དོན། སྐབས་སུ་བབ་པ་ང་ཚོ་མིའི་རིགས་ཚང་མས་ཁ་ནས་ཞི་བདེ་ཞེས་ཟེར་གྱི་ཡོད། དེ་བདེན་པ་རེད། ང་ཚོར་ཞི་བདེ་མེད་ན་འཛམ་གླིང་ཡར་རྒྱས་འགྲོ་མི་ཐུབ་པ་དང་། ཕན་ཚུན་ལ་རོགས་རམ་མི་བྱེད། ང་ཚོས་འཛམ་གླིང་ཞི་བདེ་ཟེར་བ་ནི་རྒྱུ་མཚན་ལྡན་པ་རེད། ཞི་བདེ་ནི་སྨོན་ལམ་རྒྱབ་ནས་ཡོང་རྒྱུ་ཁག་པོ་རེད། ཆགས་སྡང་གི་གཞན་དབང་དུ་ཕྱིན་པ་ཡིན་ན་སེམས་ཀྱི་ཞི་བདེ་དཀྲུག་གི་ཡོད། དེར་བརྟེན། སེམས་པ་བཟང་པོ་བྱེད་དགོས་པ་དང་། ཀུན་ལ་ཕན་སེམས་བྱེད་དགོས་པ། ཀུན་ལ་བརྩེ་བ་བྱེད་དགོས་པ་རེད་ཅེས་པ་ནི་དངོས་གནས་ཞི་བདེའི་རྩ་བ་ཆགས་ཡོད། འཛམ་གླིང་འདིའི་སྟེང་གི་མི་ཙམ་དུ་མ་ཟད་སྲོག་ཆགས་ཚང་མར་ཞི་བདེ་བྱུང་ན་ཕན་གྱི་ཡོད། ཞི་བདེ་ནི་ཆགས་སྡང་གི་གཞན་དབང་ལ་བཏང་ནས་རང་རྒྱལ་གཞན་ཕམ་གྱི་ཐོག་འགྲོ་སྡོད་དུས་འཛམ་གླིང་དུ་དམག་འཁྲུག་ཧ་ཅང་མང་པོ་བྱུང་བ་རེད། དེ་དག་རང་རྒྱལ་གཞན་ཕམ་གྱི་བསམ་བློའི་ཐོག་ནས་ནོར་འཁྲུལ་ཡོང་གི་འདུག སེམས་བྱམས་བརྩེ་ལྡན་པ་ཞིག་བྱུང་ན་འཛམ་གླིང་ཞི་བདེ་ཡོང་གི་རེད། འཛམ་གླིང་འདིའི་སྟེང་གི་མི་དུང་ཕྱུར་བདུན་ཅུ་ཚང་མས་མི་གཅིག་མཚུངས་ཡིན་བསམ་པའི་ཐོག་ནས་ཕན་ཚུན་ལ་བརྩེ་བ་དང་རོགས་རམ་བྱེད་དགོས། འཛམ་གླིང་ཤར་ཕྱོགས་པ་ཡིན་ན་ནུབ་ཕྱོགས་པར་བརྟེན་པ་དང་། འཛམ་གླིང་བྱང་མ་འཛམ་གླིང་ལྷོ་མར་བརྟེན་ཡོད། དེར་བརྟེན། འཛམ་གླིང་འདིའི་སྟེང་གི་མི་ཚང་མ་གཅིག་མཚུངས་རེད། དེ་སྔ་ངའི་རྒྱལ་ཁབ། ངའི་གཞུང་། ངའི་ལྟ་གྲུབ་ཅེས་བཤད་ནས་འཐེན་འཁྱེར་བྱེད་ཀྱི་འདུག ད་ལྟ་དེའི་དུས་ཚོད་ཡོལ་བ་རེད། ང་ཚོས་མི་གཅིག་མཚུངས་ཀྱི་འདུ་ཤེས་བཞག་ནས་གཅིག་གིས་གཅིག་ལ་བརྩེ་བ་བྱེད་རྒྱུ་དང་། ཆོས་ལུགས་འདྲ་མིན་ནི་སོ་སོ་སྒེར་གྱི་དོན་དག་རེད། ཅེས་དང་།
གཞན་ཡང་། ཁོར་ཡུག་སྐོར་ལ་བཀའ་སློབ་སྩལ་དོན། འཛམ་གླིང་འདིའི་སྟེང་གི་ཁོར་ཡུག་སྐོར་ལ་ཉེན་ཁ་གསར་པ་ཞིག་སླེབས་ཀྱི་ཡོད་པ་རེད། ཤིང་སྣ་འདེབས་འཛུགས་བྱེད་པ་སོགས་ཀྱི་ཐོག་ལ་ཏོག་ཙམ་ཤུགས་རྒྱག་རྒྱུ་དང་། དེ་ལ་ཆོས་ལུགས་ཀྱི་སྐད་ཆ་གང་ཡང་མེད་པར་འཛམ་གླིང་འདིའི་སྟེང་གི་མི་རྣམས་འཛམ་གླིང་འདིར་འཚོ་ནས་སྡོད་དུས་ཁོར་ཡུག་སྔོ་ལྗང་ཅན་ཞིག་བྱུང་བ་ཡིན་ན་མི་ཚང་མར་ཕན་གྱི་ཡོད། གནམ་གཤིས་ལའང་ཕལ་ཆེར་ཕན་གྱི་ཡོད་པ་རེད། དེར་བརྟེན། ང་ཚོ་ཚང་མས་སྤྱི་སེམས་ཤིག་འཁྱེར་ཏེ་སྤྱི་བའི་དོན་དུ་བསམ་བློ་མང་ཙམ་བཏང་ན་སོ་སོའི་སྒེར་དོན་འགྲིག་གི་རེད། སོ་སོ་གཅིག་པུར་བསམ་བློ་བཏང་ནས་བསྡད་ཚེ་འཛམ་གླིང་སྤྱི་ལ་གྱོང་རེག་རྒྱུ་རེད། འཛམ་གླིང་འདིའི་སྟེང་གི་མི་ཡོངས་རྫོགས་བརྩེ་བའི་བདག་ཉིད་ཆགས་ཡོད། མི་ཚེ་མ་ཡི་བརྩེ་བ་ལ་བརྟེན་ནས་མགོ་ཚུགས་ཡོད་པ་དང་། མི་ཚེ་ལྷག་མ་དེ་སྙིང་ནས་བརྩེ་བ་ཡོད་པ་ཞིག་བསྐྱལ་བ་ཡིན་ན་ཧ་ཅང་སྐྱིད་པོ་ཡོང་གི་རེད། དེ་ལ་ངོས་རང་རྒྱུན་དུ་བསམ་འཆར་ཞིག་ཡོང་གི་ཡོད། ང་ཚོ་ཕྲུ་གུ་ཆུང་ཆུང་སྐབས་སུ་བརྩེ་བ་དེ་ཡོད་པ་རེད། སློབ་གྲྭར་ཕྱིན་ནས་སློབ་སྦྱོང་བྱེད་པའི་སྐབས་སུ་སློབ་དེབ་ནང་དུ་བརྩེ་བ་དགོས་པ་རེད་ཅེས་བཤད་མཁན་མི་འདུག རྒྱ་གར་ལ་ཡོད་པའི་དེང་དུས་ཀྱི་ཤེས་ཡོན་འདི་ནུབ་ཕྱོགས་ནས་དར་བ་རེད། དེར་བྱམས་བརྩེ་ལ་དེ་ཙམ་གནད་འགག་ཆེན་པོར་བརྩིས་མི་འདུག ཆུང་ཆུང་སྐབས་སུ་མ་ཡི་བརྩེ་བ་དང་རོགས་པ་ཕན་ཚུན་ལ་བརྩེ་བ་ཡོད་པ་དེ་རིམ་བཞིན་སློབ་གྲྭར་འཛུལ་ནས་སློབ་སྦྱོང་བྱེད་སྐབས་སུ་སེམས་ཁམས་རིག་པ་དང་འབྲེལ་བའི་ཐོག་ནས་བརྩེ་བ་དགོས་པ་རེད་ཅེས་སློབ་གྲྭའི་ནང་སློབ་སྦྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོར་མཐོང་གི་འདུག ངོས་རང་ལྡི་ལིར་སླེབས་དུས་ཤིག་ལ་རྒྱ་གར་གྱི་གཙུག་ལག་སློབ་གྲྭའི་མཁས་དབང་ཚོའི་མཉམ་དུ་འདི་ལ་གོ་བསྡུར་བྱེད་དགོས་དྲན་ཡོད། ཅེས་སོགས་བཀའ་སློབ་སྩལ་རྗེས་བློ་སྦྱོང་ཚིགས་བརྒྱད་མའི་བཤད་ལུང་ཆ་ཚང་གནང་སྟེ་ཆོས་འབྲེལ་གནང་སྒོ་ལེགས་པར་གྲུབ་སྟེ་བཞུགས་གནས་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད།
ལིང་དགོན་སྐུ་འབུམ་བཀྲ་ཤིས་འོད་འབར་ནི་རི་བོ་དགེ་ལྡན་པའི་གཞི་དགོན་ཞིག་དང་ལ་དྭགས་རི་ལྗོངས་ཡར་རྒྱས་རྫོང་གི་ཤམས་ཕྱོགས་ལྷོ་ནུབ་ཀྱི་ཉེ་འདབས་སུ་ཆགས་ཡོད། འདི་ནི་ལ་དྭགས་ཀྱི་དགོན་རྙིང་གྲགས་ཅན་ཞིག་ཡིན། ལོ་ཙཱ་བ་རིན་ཆེན་བཟང་པོ་ས་ཆ་འདིར་ཕེབས་ཏེ་ས་གཞི་བྱིན་གྱིས་བརླབས་ཡོད་པར་གྲགས་པ་དང་། ཕྱིས་སུ་རྗེ་ཙོང་ཁ་པ་ཆེན་པོའི་དངོས་སློབ་སྟོད་བྱང་སེམས་ཤེས་རབ་བཟང་པོ་མཆོག་གིས་དཀར་ཆ་དང་ཕུག་ཐར་དགོན་པ་གཉིས་ཕྱག་བཏབ་ནས་ལྷོ་ཕྱོགས་བརྒྱུད་ལིང་ཤེད་ཕྱོགས་སུ་ཕེབས་ཏེ། ཧ་ནུ་མ་ལ་(Hanuma-la)ཞེས་པར་ཞག་སྡོད་ཀྱིས་ལིང་ཤེད་ཕྱོགས་སུ་གཟིགས་སྐབས་ཕ་བོང་ཞིག་ལ་འོད་འཕྲོ་བ་གཟིགས་ཤིང་། དེར་མ་འོངས་པར་དགོན་པ་གྲགས་ཅན་ཞིག་ཆགས་པར་གཟིགས་ནས་ཕ་བོང་དེར་མཆོད་རྟེན་ཞིག་བཞེངས་པ་ད་ལྟའང་མཇལ་རྒྱུ་འདུག ཕྱི་ལོ་ ༡༧༧༩ ལོར་ལ་དྭགས་རྒྱལ་པོ་ཚེ་དབང་རྣམ་རྒྱལ་གྱིས་ལིང་ཤེད་དང་། དེ་ཡི་ཉེ་འཁོར་གྱི་ས་གཞི་མང་པོ་ཞིག་མངའ་རིས་རིན་པོ་ཆེ་སྐུ་ཕྲེང་གསུམ་པ་བློ་བཟང་དགེ་ལེགས་ཡེ་ཤེས་གྲགས་པ་མཆོག་ལ་ཕུལ་ཞིང་། དེ་ནས་བཟུང་དགོན་པ་འདི་མངའ་རིས་རིན་པོ་ཆེའི་ཆོས་གཞིའི་ཁུངས་སུ་གཏོགས་པ་ཞིག་ཡིན་པ་དགོན་པའི་ལོ་རྒྱུས་སུ་གསལ་བ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༠༩ ལོར་དགོན་པ་འདིར་ཆིབས་བསྒྱུར་གྱིས་དད་ལྡན་མི་མང་ལ་སེམས་བསྐྱེད་དང་སྒྲོལ་དཀར་ཚེ་དབང་སོགས་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་ཡོད།