༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༢༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ནང་པའི་ཚོགས་འདུ་དང་། ལ་དྭགས་དགོན་པ་ཚོགས་པ་ཐུན་མོང་ནས་ཇི་ལྟར་གསོལ་བ་འདེབས་པ་ལྟར་ལ་དྭགས་གླེ་ལྕོག་ལམ་ས་ཞི་བའི་ཚལ་གསུང་ཆོས་ར་བར་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་བཀའ་ཆོས་བཀའ་དྲིན་སྩལ་ཡོད་པ་རེད།
དེ་ཡང་སྔ་དྲོ་ཆུ་ཚོད་བརྒྱད་པ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞི་བའི་ཚལ་ཕོ་བྲང་ནས་གསུང་ཆོས་ར་བར་ཆིབས་བསྒྱུར་གྱིས་དུས་འཁོར་ལྷ་ཁང་གི་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་ལ་དྭགས་ཀྱི་སློབ་གྲྭ་ཁག་ཅིག་གི་སློབ་ཕྲུག་ཚོས་རྟགས་གསལ་གཟིགས་འབུལ་དང་། ཚོགས་མང་གིས་རྒྱུན་ཆགས་གསུམ་པ་གསུང་འདོན་གནང་རྗེས་བཀའ་སློབ་སྩལ་དོན།
དེ་རིང་ཆོས་གྲོགས་ཚོར་ཆོས་འབྲེལ་བྱེད་རྒྱུ་རེད། སྔོན་ལ་ཁྱོད་ཚོ་ཕྲུ་གུ་ཚོས་རྩོད་པ་བརྩད་ནས་ངོས་རང་ཧ་ཅང་དགའ་བོ་བྱུང་། བསྡུས་གྲྭ་ནས་རིགས་ལམ་སྦྱོང་བ་ནི་བློ་གྲོས་ཀྱི་མིག་འབྱེད་པའི་ལྡེ་མིག་ལྟ་བུ་རེད། ཁྱོད་ཚོ་ཕྲུ་གུ་ཚོས་འདི་ལྟར་རྨང་གཞི་བཙུགས་པ་དང་། སངས་རྒྱས་པའི་ཆོས་ཞེས་པ་ནི་རིགས་པའི་ལམ་ནས་དཔྱད་པ་བྱས་ཏེ་གཏན་ལ་ཕབ་པ་ལས་དཀོན་མཆོག་གིས་གསུངས་པ་རེད་ལྟ་བུ་དང་། སངས་རྒྱས་ཀྱིས་གསུངས་པ་རེད་ཅེས་ཡིད་ཆེས་བྱས་ཏེ་འགྲོ་དགོས་པ་ཞིག་མ་རེད། གང་ལྟར་ང་ཚོའི་སངས་རྒྱས་པའི་ཆོས་སྤྱི་དང་། ལྷག་པར་དུ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ནི་དཔྱད་པ་བྱས་ནས་འགྲོ་དགོས་པ་ཞིག་རེད། དེར་བརྟེན། ཁྱོད་ཚོ་ཕྲུ་གུ་ཚོས་འདིར་རིགས་ལམ་རྟགས་གསལ་བཏང་བ་ནི་ཐོག་མར་རིག་པའི་སྒོ་འབྱེད་བྱས་པ་རེད། ཧ་ཅང་ཡག་པོ་རེད། ཁྱོད་ཚོ་རྟགས་གསལ་གཏོང་མཁན་ཕྲུ་གུ་ཚོར་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
འདིར་ཆོས་འབྲེལ་ཉིན་གསུམ་རིང་རེད། ཉིན་དང་པོ་དང་གཉིས་པར་སྤྱོད་འཇུག་ལ་བཤད་པ་རོབ་ཙམ་རེ་བྱེད་རྒྱུ་དང་། ཉིན་གསུམ་པར་ཐུགས་རྗེ་ཆེན་པོའི་དབང་ཆེན་བྱ་རྒྱུ་ཡིན། ད་ལྟ་བཤད་མ་ཐག་པ་ལྟར་སངས་རྒྱས་པའི་ཆོས་ནི་དཔྱད་པ་བྱས་ཏེ་འགྲོ་དགོས་པ་ཞིག་རེད། སངས་རྒྱས་པའི་ཆོས་སྤྱི་དང་ལྷག་པར་དུ་དཔལ་ནཱ་ལེནྡྲ་ནས་བརྒྱུད་པ་ནི་རིགས་པས་དཔྱད་པ་བྱས་ནས་འགྲོ་བ་ཞིག་རེད། དེང་སང་ནུབ་ཕྱོགས་པའི་ཤེས་ཡོན་ཅན་ཚོས་དཔྱད་པ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོར་བརྩི་བཞིན་ཡོད་པ་དང་། ང་ཚོར་ཕ་མེས་ནས་དཔྱད་པ་བྱེད་པའི་གོམས་གཤིས་ཡོད། དཔེར་ན། ངོས་རང་ལ་ཆ་བཞག་ན་ནུབ་ཕྱོགས་པའི་ཚན་རིག་པ་དང་ལྟ་གྲུབ་མཁས་པ་ཚོའི་མཉམ་དུ་སྐད་ཆ་བཤད་རྒྱུར་ཧ་ཅང་དགའ་བོ་ཡོད། གང་ཡིན་ཟེར་ན་ནུབ་ཕྱོགས་པ་ཚོས་དད་པ་གཅིག་པུ་མིན་པར་དཔྱད་པ་བྱེད་རྒྱུར་ཧ་ཅང་དགའ་བོ་བྱེད་ཀྱི་འདུག ནུབ་ཕྱོགས་རང་ལ་ཡོད་པའི་ཆོས་ལུགས་རྣམས་ཧ་ཅང་ཡག་པོ་རེད། ཡིན་ནའང་། དཀོན་མཆོག་གི་དགོངས་པ་རེད། ཨན་ལཱ་ཡི་དགོངས་པ་རེད་ཅེས་པ་ཙམ་ལས་དཔྱད་པ་བྱེད་རྒྱུ་དེ་ཙམ་མི་འདུག དེར་བརྟེན། ནུབ་ཕྱོགས་པའི་ཚན་རིག་པ་དང་མཁས་དབང་ཚོས་དཔྱད་པ་བྱེད་རྒྱུར་ཧ་ཅང་དགའ་བོ་བྱེད་ཀྱི་འདུག བོད་གངས་ཅན་ལྗོངས་སུ་མཁན་ཆེན་ཞི་བ་འཚོ་གཙོ་བོར་གྱུར་བའི་སྔོན་གྱི་སྐྱེས་བུ་ཚོས་ཚད་མའི་གཞུང་ལ་སྦྱངས་ནས་རིགས་པས་དཔྱད་རྒྱུ་ཧ་ཅང་གལ་ཆེན་པོར་བརྩིས་ཡོད། དེ་རིང་འདིར་ཕྲུ་གུ་ཚོས་རྟགས་གསལ་བཏང་བ་ནི་ཧ་ཅང་གལ་ཆེན་པོ་རེད། མཁྱེན་སོང་ངམ། ཞེས་བཀའ་སློབ་སྩལ་རྗེས་ཤེས་རབ་སྙིང་པོ་གསུང་འདོན་དང་མནྜལ་རྟེན་གསུམ་འདེགས་འབུལ་ཞུས།
དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་ཆོས་སྔོན་འགྲོའི་བཀའ་སློབ་ཏུ་འཛམ་གླིང་ཞི་བདེ་དང་། འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་པའི་བོད་ཀྱི་འཐབ་རྩོད། བོད་ཀྱི་ཆོས་དང་རིག་གཞུང་ལ་ཚན་རིག་པས་དོ་སྣང་བྱེད་བཞིན་པ། བོད་ཀྱི་སྐད་ཡིག་གི་འཕེལ་རིམ། བཙན་བྱོལ་དུ་བོད་ཀྱི་ཆོས་རིག་རྒྱུན་འཛིན་དང་གོང་སྤེལ། མགོན་པོ་གང་ཉིད་མཆོག་གིས་ལྷ་སར་ལྷ་རམས་དམ་བཅའ་བཞག་པའི་སྐོར། གཞན་ཡང་། བྱང་ཆུབ་ཀྱི་སེེམས་ཀྱི་ཕན་ཡོན་དང་། རྒྱལ་སྲས་ཞི་བ་ལྷས་སྤྱོད་འཇུག་ཇི་ལྟར་མཛད་པའི་སྐོར་བཅས་ལ་བཀའ་སློབ་སྩལ་དོན།
བསྟན་པ་འདི་ལ་སྟོན་པ་གཉིས་པར་གྲགས་པ་སློབ་དཔོན་ཟླ་བ་གྲགས་པས་བསྟན་བཅོས་དབུ་མ་འཇུག་པ་བརྩམས་ཤིང་མཆོད་བརྗོད་དུ། གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཏོག་ཕུན་ཚོགས་འདིའི།། ས་བོན་དང་ནི་སྤེལ་ལ་ཆུ་འདྲ་ཡུན་རིང་དུ།། ལོངས་སྤྱོད་གནས་ལ་སྨིན་པ་ལྟ་བུར་འདོད་གྱུར་པ།། དེ་ཕྱིར་བདག་གིས་ཐོག་མར་སྙིང་རྗེ་བསྟོད་པར་བགྱི།། ཞེས་སངས་རྒྱས་ཆོས་དགེ་འདུན་ལ་དམིགས་སུ་བཀར་ནས་མཆོད་བརྗོད་མ་མཛད་པར་སྙིང་རྗེ་ལ་མཆོད་བརྗོད་མཛད་པ་ནི་ཧ་ཅང་གནད་འགག་ཆེན་པོ་རེད། སྙིང་རྗེ་ནི་ཆོས་ཉམས་སུ་ལེན་པ་ལ་ཐོག་མཐའ་བར་གསུམ་དུ་གལ་ཆེན་པོ་རེད།
འཛམ་གླིང་འདིའི་སྟེང་གི་ཆོས་ལུགས་ཚང་མས་བརྩེ་བ་བསླབ་བྱའི་གཙོ་བོར་གསུངས་འདུག སེམས་ཅན་ལ་མངལ་སྐྱེས་དང་སྒོང་སྐྱེས། རྫུས་སྐྱེས་བཅས་སྐྱེ་གནས་མི་འདྲ་བ་ཡོད། རྫུས་སྐྱེས་མི་ཤེས་ཀྱང་མངལ་སྐྱེས་དང་སྒོང་སྐྱེས་གཉིས་ལ་མ་ཧ་ཅང་གལ་ཆེན་པོ་རེད། མས་བརྩེ་བ་བྱེད་པ་དང་བུ་ཕྲུག་གིས་ཀྱང་སྐྱེས་ཙམ་ཉིད་ནས་མའི་བརྩེ་བ་དང་དུ་ལེན་པ་ཆོས་ཉིད་རེད། དེར་བརྟེན། ངོས་ཀྱིས་འདི་ནམ་རྒྱུན་བཤད་བཞིན་ཡོད། ང་ཚོའི་མི་ཚེ་ཐོག་མར་མ་ཡི་བརྩེ་བའི་འོག་ནས་མགོ་ཚུགས་ཡོད། མི་ཚེ་གང་བོར་སེམས་པ་བཟང་པོ་བྱེད་རྒྱུ་ནི་མི་ཚེའི་སྙིང་པོའམ་མི་ཚེ་དོན་དང་ལྡན་པ་ཞིག་ཡོང་བའི་ཆེད་དུ་རེད། མི་ཚེ་དོན་དང་ལྡན་པའམ་སེམས་སྐྱིད་པོ་དང་བག་ཕེབས་པོ་བྱེད་པ་ལ་སེམས་བཟང་པོ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། འཛམ་གླིང་འདིར་ཆོས་ལུགས་མི་འདྲ་བ་ཚོར་ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་། ཚང་མས་འཚེ་མེད་ཞི་བ་དང་སྙིང་རྗེ་བཤད་བཞིན་ཡོད་ལ། ང་ཚོར་ཡང་སྙིང་རྗེའི་ཉམས་ལེན་གལ་ཆེ་ཤོས་ཆགས་ཡོད། ང་ཚོའི་མི་ཚེ་མགོ་འཛུགས་དུས་མའི་བརྩེ་བའི་ཐོག་ནས་མགོ་ཚུགས་པ་དང་། ཤི་བའི་སྐབས་སུ་རང་གི་མཐའ་སྐོར་ལ་བརྩེ་སེམས་ཡོད་པའི་གྲོགས་པོ་ཚོས་བསྐོར་བསྡད་པ་ཡིན་ན་སེམས་སྐྱིད་པོ་ཡོང་གི་རེད། སེམས་པ་བཟང་པོ་དང་བརྩེ་བ་བྱེད་པ་ནི་མི་ཚེའི་ཐོག་མཐའ་བར་གསུམ་དུ་ཧ་ཅང་གལ་ཆེན་པོ་རེད།
མི་ནི་ཁེར་རྐྱང་གིས་སྡོད་མི་ཐུབ་པར་སྤྱི་ཚོགས་ལ་བརྟེན་དགོས། སྤྱི་ཚོགས་ལ་བརྟེན་ནས་སྡོད་དགོས་པས་སྤྱི་ཚོགས་ལ་སེམས་པ་བཟང་པོ་བྱེད་པ་དང་། ཚང་མར་འཆམ་པོ་བྱས་ཏེ་བསྡད་པ་ཡིན་ན་མི་ཚེ་སྐྱིད་པོ་ཡོང་གི་རེད། མིའི་རང་བཞིན་ལྷན་སྐྱེས་ལ་སྤྱི་ཚོགས་ལ་བརྟེན་ནས་སྡོད་པ་ཞིག་ཡིན་ཡང་། སྤྱི་ཚོགས་ལ་དོ་སྣང་མེད་པར་སོ་སོ་གཅིག་པུར་བསམ་བློ་བཏང་ནས་བསྡད་ཚེ་དངོས་ཡོད་གནས་ཚུལ་ལ་རན་གྱི་མེད། དེར་བརྟེན། སེམས་པ་བཟང་པོ་དང་། མི་ཚང་མར་འཆམ་པོ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་།། བསམ་པ་ངན་ན་ས་དང་ལམ་ཡང་ངན།། ཐམས་ཅད་བསམ་པ་དག་ལ་རག་ལས་པས།། ཞེས་གསུངས་པ་ལྟར་སེམས་པ་བཟང་པོ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན།
ངོས་རང་བཅོམ་ལྡན་འདས་ཀྱི་རྗེས་འབྲང་བསྙེན་པར་རྫོགས་པ་དང་། ཉིན་རེ་བཞིན་དུ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་གཏོང་བཞིན་ཡོད། ཞོགས་པ་ཡར་ལངས་པ་དང་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་བཏང་། བྱང་ཆུབ་ཅེས་པའི་ཐོག་ནས་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་བཏང་ནས་འགྲོ་བཞིན་ཡོད། དེས་ཉིན་ཞག་ཕྲུགས་གཅིག་དེ་སེམས་ལྷོད་ལྷོད་ཡོང་གི་འདུག ཧ་ཅང་རྩ་ཆེན་པོ་རེད། སེམས་སྐྱིད་པོ་བྱུང་ན་གཟུགས་པོ་ཡང་བདེ། སྒྲོལ་དཀར་གྱི་ཚེ་སྒྲུབ་དང་ཚེ་དཔག་མེད་ཀྱི་ཚེ་སྒྲུབ་སོགས་ཧ་ཅང་ཤུགས་ཆེན་པོ་བྱེད་བཞིན་ཡོད་ནའང་སེམས་ལ་ང་རྒྱལ་དང་ཁོང་ཁྲོ། ཕྲག་དོག་བཅས་བསྡད་པ་ཡིན་ན་ཚེ་སྒྲུབ་ག་ཚོད་བྱས་ཀྱང་ཕན་ཐོགས་མེད། དངོས་གནས་སེམས་པ་བཟང་པོ་དང་ཀུན་ལ་ཕན་སེམས་ཡག་པོ་ཞིག་བྱུང་ན་ཚེ་སྒྲུབ་ཀྱི་ཚབ་རེད། ང་ཚོ་ཚང་མ་སྤྱི་ཚོགས་ལ་བརྟེན་ཡོད་པ་དང་། གང་ལ་བརྟེན་སའི་སྤྱི་ཚོགས་དེར་དངོས་གནས་སེམས་པ་བཟང་པོ་དང་ཕན་སེམས་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
ད་ལྟ་བཤད་མ་ཐག་པ་ལྟར། ངོས་རང་ལ་མཚོན་ན་བྱང་ཆུབ་ཀྱི་སེམས་ཀྱི་ཉམས་ལེན་ཧ་ཅང་གལ་ཆེན་པོར་རྩི་བཞིན་ཡོད། དེས་སེམས་ལྷོད་ལྷོད་ཆགས་ཀྱི་འདུག སོ་སོར་གནོད་པ་སྐྱེལ་མཁན་གྱི་དགྲ་བོ་ཟེར་དགོས་སམ། རང་ལ་གནོད་པ་བྱེད་མཁན་དག་བཤེས་གཉེན་ལ་བསྟེན་པ་དང་། ལྷག་པར་དུ་བརྩེ་སེམས་སྒོམ་དགོས། ངོས་རང་ལ་ཆ་བཞག་ན་བོད་ནང་དུ་རྒྱ་མི་གུང་ཁྲན་གྱིས་ཧ་ཅང་དཀའ་ངལ་སྤྲོད་ཀྱི་ཡོད་ནའང་། བསམ་པ་ཐག་པ་ནས་བརྩེ་བའི་སེམས་ཀྱིས་ཕན་བཏགས་ན་བསམ་པ་ཞིག་ལས་ཁོང་ཁྲོ་ཟ་བ་དང་། དེ་ལ་ང་རྒྱལ་དང་ཕྲག་དོག་བྱེད་པ་ཕལ་ཆེར་ཡོང་གི་མི་འདུག དེའི་འབྲས་བུར་ངོས་རང་གི་སེམས་བཟང་པོ་དང་སེམས་སྐྱིད་པོ་ཞིག་དང་། སོ་སོ་སེམས་པ་རྣམ་དག་གིས་སྡོད་དུས་རིམ་བཞིན་རྒྱ་རིགས་ནང་དུའང་མང་པོ་ཞིག་གིས་དགའ་བོ་བྱེད་པ་ཡོང་གི་འདུག མིས་ཚུར་གནོད་པ་བྱས་པ་ལ་གནོད་ལན་གནོད་པས་འཇལ་ནས་ཕྱིན་པ་ཡིན་ན་དཀའ་ངལ་ལ་རྫོགས་རྒྱུ་ཡོད་པ་མ་རེད། དེར་བརྟེན། སེམས་པ་བཟང་པོ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། ཅེས་དང་།
གཞན་ཡང་སེམས་པ་བཟང་པོས་འཛམ་གླིང་ལ་ཞི་བདེ་བསྐྲུན་པའི་སྐོར་བཀའ་སློབ་སྩལ་དོན། མི་ཞིག་ཡིན་ཕྱིན་ཆད་ཁོ་སྤྱི་ཚོགས་ལ་བརྟེན་ཡོད། སྤྱི་ཚོགས་དེའི་ནང་དུ་སོ་སོ་སེམས་པ་བཟང་པོ་བྱས་ཏེ་ཚང་མར་མཐུན་པོ་དང་། ཁྱིམ་མཚེས་གཡས་གཡོན་སོགས་ལ་གྲོགས་པོ་བྱས་ཏེ་འཚོ་ཐུབ་ན་སོ་སོའི་མི་ཚེ་སྐྱིད་པོ་ཡོང་གི་རེད། སོ་སོ་གང་དུ་གནས་སའམ་གང་ལ་བརྟེན་ནས་འཚོ་དགོས་པའི་སྤྱི་ཚོགས་དེ་ལ་ང་རྒྱལ་དང་ཕྲག་དོག་སོགས་ཀྱི་ཐོག་ནས་སོ་སོའི་སྤྱི་ཚོགས་དགྲ་ལྟ་བུར་མཐོང་བ་ཡིན་ན་སྐྱིད་པོ་ཡོང་ཐབས་མེད། དེར་བརྟེན། སྤྱིར་སེམས་ཅན་ཐམས་ཅད། ཡང་སྒོས་འཛམ་གླིང་འདིའི་ཐོག་གི་སེམས་ཅན། བྱེ་བྲག་ཏུ་སོ་སོ་གང་དུ་ཡོད་སའི་ཁྱིམ་མཚེས་ཚོར་བརྩེ་བའི་འདུ་ཤེས་དང་གྲོགས་པོའི་འདུ་ཤེས་ཀྱི་ཐོག་ནས་སྡོད་ཐུབ་ན་སྤྱི་ཚོགས་ཡོངས་སྐྱིད་པོ་ཡོང་གི་རེད།
ང་ཚོ་ཚང་མས་ཁ་རུ་འཛམ་གླིང་ཞི་བདེ་ཟེར་བཞིན་ཡོད། འཛམ་གླིང་ཞི་བདེའི་རྩ་བ་ནི་སེམས་པ་བཟང་པོ་བྱེད་རྒྱུ་དེ་རེད། ཀུན་ལ་ཕན་སེམས་བྱེད་རྒྱུ་བྱུང་ན་སེམས་ཀྱི་ཞི་བདེ་བརྒྱུད་ནས་འཛམ་གླིང་ཞི་བདེ་ཡོང་བ་དང་། སེམས་ལ་ང་རྒྱལ་དང་ཕྲག་དོག འཇིགས་སྣང་བཅས་ཡོད་ཚེ་གོ་མཚོན་ལ་དང་དོད་བྱས་ཏེ་འཛམ་གླིང་འདིར་འགྲོ་སོང་ཚད་མེད་པ་བཏང་ནས་གོ་ལག་བཟོ་བ་སོགས་ཧ་ཅང་མང་པོ་ཡོང་གི་ཡོད། བསམ་བློའི་ནང་ཀུན་ལ་ཕན་སེམས་ཀྱི་གཙོ་སེམས་ཤིག་ཡོད་ཚེ་གོ་ལག་བཟོ་བ་སོགས་ཡོང་གི་མ་རེད། སེམས་ནང་རང་གཅེས་འཛིན་ཧ་ཅང་དམ་པོར་བསྡད་ཚེ་གཡས་ཕྱོགས་ལ་བལྟས་ནས་འདིས་ང་ལ་གནོད་པ་བསྐྱལ་མི་ཡོང་ངམ་བསམ། གཡོན་ཕྱོགས་ལ་བལྟས་ནས་འདིས་ང་ལ་གནོད་བསྐྱལ་མི་ཡོང་ངམ་བསམ་པའི་ཐོག་ནས་གོ་མཚོན་གྲ་སྒྲིག་བྱེད་པ་ཧ་ཅང་མང་པོ་ཡོང་གི་འདུག དུས་རབས་ཉེར་གཅིག་པ་འདིས་ལོ་བཅུ་ཕྲག་རིང་གོ་མཚོན་ལ་དང་དོད་ཀྱིས་བསྡད་པ་རེད། ཁ་ནས་འཛམ་གླིང་ཞི་བདེ་ཞེས་ཡང་ཡང་བརྗོད་ཀྱང་སེམས་ལ་ཞི་བདེ་བསྐྲུན་མ་ཐུབ་ན་འཛམ་གླིང་ཞི་བདེ་ཡོང་ཐབས་མེད། ཅེས་དང་།
སེམས་བཟང་པོ་བྱ་རྒྱུ་ནི་བདེ་སྐྱིད་ཀྱི་རྩ་བ་ཡིན་པས་འཛམ་གླིང་འདིའི་ཆོས་ལུགས་ཚང་མས་སེམས་པ་བཟང་པོ་བྱེད་དགོས་པ་གསུངས་ཡོད། སངས་རྒྱས་པའི་ཆོས་སྤྱི་དང་ལྷག་པར་དུ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱིས་སེམས་པ་བཟང་པོ་བྱེད་པ་ནི་རྒྱུ་མཚན་གྱི་ཐོག་ནས་བཟོ་རྒྱུ་དང་། ཁོང་ཁྲོ་མ་ཟོས་ན་དཀོན་མཆོག་དགྱེས་པོ་ཡོང་གི་རེད་ཟེར་བ་ལྟ་བུ་མིན་པར་བསམ་བློ་བཏང་ནས་གནོད་བྱེད་ཀྱི་དགྲ་བོ་དེ་བརྩེ་བའི་ཡུལ་མཆོག་ཏུ་བལྟས་ནས་དེ་བློ་ལ་གོམས་ཚེ་སྣང་སྲིད་གཉེན་ལ་ཤར་ཐུབ་པ་ཞིག་ཡོང་གི་རེད། ངོས་རང་གི་ངོས་ནས་བྱང་ཆུབ་ཀྱི་སེམས་ཉམས་ལེན་རྒྱུན་དུ་བྱེད་བཞིན་ཡོད། དེ་ཡང་བདག་གཞན་མཉམ་བརྗེའི་བློ་ལ་གཙོ་བོར་བསམ་བློ་གཏོང་གི་ཡོད། དེར་བརྟེན། སྣང་སྲིད་གཉེན་ལ་ཤར་ཐུབ་པ་ཞིག་ཡོང་གི་འདུག དེ་དག་དཔེ་ཆའི་ནང་དུ་བཤད་པ་གཅིག་པུ་མ་ཡིན་པར་སོ་སོས་བསམ་བློ་བཏང་ཡོང་དུས་ཁ་ཡོད་ལག་ཡོད་ཀྱིས་སྣང་སྲིད་གཉེན་ལ་ཤར་ཐུབ་པ་ཞིག་ཡོང་གི་འདུག ཅེས་དང་།
བོད་དོན་འཐབ་རྩོད་ནི་འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་ཡོད་པ་དང་། མ་འོངས་པར་མུ་མཐུད་དུ་འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་པ་ནི་ཕུགས་རྒྱང་རིང་པོ་ཡིན་པའི་སྐོར་ལ་བཀའ་སློབ་སྩལ་དོན། ལ་དྭགས་ས་ཁུལ་རྣམས་བོད་དང་ས་འབྲེལ་ཆགས་ཡོད་པས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཆོས་གྲོགས་ཚོ་སེམས་པ་བཟང་པོ་བྱས་ན་བོད་ཀྱི་བསྟན་སྲིད་ཀྱི་དོན་ལའང་ཏན་ཏན་ཕན་གྱི་རེད། ངོས་ལ་བོད་རྒྱ་ཆེའི་མི་མང་གིས་རེ་བ་རྒྱག་པ་དང་བློ་སྐྱེལ་གྱི་ཡོད། དེར་བརྟེན། ངོས་ཀྱིས་བོད་རྒྱ་ཆེའི་མི་མང་ལ་དྲག་པོའི་ཐོག་ནས་འཛིང་དགོས་པ་རེད་ཅེས་ནམ་ཡང་བཤད་ཀྱི་མ་རེད། སེམས་པ་བཟང་པོ་བྱོས། སེམས་པ་བཟང་པོའི་གཏིང་ལ་སྙིང་སྟོབས་ཡོད། ང་ཚོར་དཀའ་ངལ་ག་ཚོད་ཡོད་ནའང་སེམས་པ་བཟང་པོ་དང་འབྲེལ་བའི་སྙིང་སྟོབས་དེ་ཡོད་ན་འགྱུར་བ་ཏན་ཏན་འགྲོ་གི་རེད། དཔེར་ན། འདས་པའི་ལོ་ཁ་ཤས་ནང་རྒྱ་ནག་ལ་འགྱུར་བ་ཆེན་པོ་འགྲོ་བཞིན་འདུག དངོས་ཡོད་གནས་ཚུལ་ལ་གུང་ཁྲན་རིང་ལུགས་ཀྱི་གཅིག་སྡུད་ཟེར་བ་ནི་དུས་ཚོད་ཡོལ་ཚར་བ་རེད། མའོ་སི་ཁོ་ཡི་སི་ཏ་ལེན་གྱི་སྐབས་ནས་བཟུང་རིམ་བཞིན་འགྱུར་བ་ཕྱིན་པ་རེད། ད་ལྟ་འཛམ་གླིང་གི་ཤར་ནུབ་ལྷོ་བྱང་གང་དུ་ཡིན་ནའང་མང་གཙོ་ཡོང་བཞིན་ཡོད། དེར་བརྟེན། དོན་དམ་གྱི་མང་གཙོ་ཡག་པོ་ཞིག་ཡོང་བ་ལ་སེམས་པ་བཟང་པོ་བྱེད་དགོས། མི་ཀུན་ལ་ཕན་སེམས་བྱེད་པ་དང་། བརྣབ་སེམས་གནོད་སེམས། རེ་དོགས་ཀྱི་གོང་བུ་བྱས་ནས་མ་བསྡད་པར་ཀུན་ལ་བརྩེ་སེམས་བྱས་ཏེ་བསྡད་པ་ཡིན་ན་དངོས་གནས་འཛམ་གླིང་ཞི་བདེ་ཡོང་གི་རེད། འཛམ་གླིང་ལ་མི་དུང་ཕྱུར་བདུན་ཅུ་ལྷག་ཡོད། དུང་ཕྱུར་བདུན་ཅུས་ཕན་ཚུན་ལ་བརྩེ་སེམས་བྱས་ན་དངོས་གནས་དྲང་གནས་ཞི་བདེའི་འཛམ་གླིང་ཞིག་བཟོ་ཐུབ། ཕན་ཚུན་ལ་དོགས་པ་དང་ཕྲག་དོག མུ་མཐུད་གོ་མཚོན་ལ་དང་དོད་བྱས་ན་འཛམ་གླིང་ཞི་བདེ་ནི་ཁ་ཙམ་ཚིག་ཙམ་ལས་ཡོང་ཐབས་མེད།
ངོས་རང་བོད་མིའི་མགོ་ཁྲིད་ཡིན་པའི་ཆ་ནས་བཤད་པ་ཡིན་ནའང་། བོད་རྒྱ་ཆེའི་མི་མང་གིས་ངོས་ལ་ཧ་ཅང་ཡིད་ཆེས་དང་བློ་འགེལ་གྱི་ཡོད་པས་ཁྱོད་ཚོ་ནུབ་ལ་དྭགས་ནས་ཤར་མོན་བར་གྱི་ས་ཁུལ་དག་ཏུ་སེམས་ལ་བྱམས་བརྩེ་ལྡན་པའི་ཐོག་ནས་སྙིང་སྟོབས་ཡག་པོ་འཛིན་ཐུབ་ན་དེས་བོད་ནང་དུའང་ཤུགས་རྐྱེན་ཐེབས་རྒྱུར་ཁྱད་པར་འདུག ངོས་རང་བཅོམ་ལྡན་འདས་ཀྱི་ཆོས་གོས་སྣམ་སྦྱར་གྱོན་མཁན་ཞིག་གིས་རྒྱག་དགོས་པ་རེད། འཛིང་དགོས་པ་རེད་ཅེས་ནམ་ཡང་བརྗོད་ཀྱི་མ་རེད། ང་ཚོ་མཐའ་གཅིག་ཏུ་འཚེ་བ་མེད་པའི་ལམ་ལ་བརྟེན་ནས་བདེན་པ་བདེན་ཐོག་ལ་འཁྱོལ་བར་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དེང་སང་རྒྱ་ནག་གི་སྲིད་བྱུས་ལ་རིམ་བཞིན་འགྱུར་བ་ཞིག་འགྲོ་བཞིན་འདུག རྒྱ་ནག་དུ་ནང་པ་མང་དུ་འགྲོ་བཞིན་འདུག ང་ཚོ་བོད་ཀྱི་བདེན་དོན་ལ་ཆ་བཞག་ནའང་མཐའ་གཅིག་ཏུ་བརྩེ་བའི་ཀུན་ནས་བསླངས་ཏེ་འཚེ་བ་མེད་པའི་ལམ་ལ་བརྟེན་ནས་ཐོབ་ཐང་བརྩད་པ་ཡིན་ན་རིམ་བཞིན་བདེན་པའི་མཐའ་གསལ་བ་ཞིག་རེད། དེ་མིན་ངར་པོ་བྱས་ཏེ་འཛིང་དགོས་པ་རེད་ཅེས་ལབ་པ་ཡིན་ན་ཡོང་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད། འཛམ་གླིང་ཞི་བདེའི་ཆ་ཤས་ཡིན་པའི་ང་ཚོ་བོད་ཀྱི་གནས་ཚུལ་ལ་ཆ་གཞག་ན་མཐའ་གཅིག་ཏུ་འཚེ་བ་མེད་པའི་ལམ་ལ་བརྟེན་ནས་བདེན་མཐའ་གསལ་བར་སེམས་ཐག་བཅད་ནས་འབོད་བརྩོན་བྱེད་བཞིན་ཡོད་པ་རེད་ལ་རིམ་བཞིན་འགྱུར་བ་ཏན་ཏན་འགྲོ་རྒྱུ་རེད།
ང་ཚོས་ཚན་རིག་ཀུན་བཏུས་དང་ལྟ་གྲུབ་ཀུན་བཏུས་བོད་ཡིག་ཏུ་རྩོམ་སྒྲིག་བྱས་ཤིང་། དེ་ཨིན་ཡིག་དང་རྒྱ་ཡིག་ཏུ་བསྒྱུར་ཡོད། དེབ་དེ་དག་རྒྱ་ནག་གི་ཤེས་ཡོན་ཅན་ཚོར་རེག་སྐབས་ཁོ་ཚོར་དམིགས་བསལ་གྱིས་དོ་སྣང་ཡོང་བཞིན་འདུག བོད་ཀྱི་སངས་རྒྱས་པའི་ཆོས་འདི་ནཱ་ལེནྡྲའི་ཆོས་བརྒྱུད་རེད། འཚེ་བ་མེད་པའི་ཞི་བདེའི་ཆོས་དངོས་མ་རེད་ཅེས་དགའ་བོ་བྱེད་ཀྱི་འདུག དེར་བརྟེན། ང་ཚོའི་བདེན་པ་ནི་བརྩེ་བའི་བསམ་པ་དང་རྣམ་དཔྱོད་དང་ལྡན་པའི་ཐོག་ནས་བདེན་པ་བདེན་ཐོག་ལ་འཁྱོལ་བར་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་ལས་དཀའ་ངལ་འཕྲད་པ་རྒྱུ་མཚན་དུ་བྱས་ནས་འཛིང་དགོས་པ་དང་། དྲག་ཤུགས་བེད་སྤྱོད་བྱེད་དགོས་པ་རེད་ཟེར་ན་མིག་རྒྱང་ཐུང་ཐུང་རེད། ང་ཚོ་དངོས་གནས་འཚེ་བ་མེད་པའི་ལམ་ལ་འགྲོ་བཞིན་པ་འདིས་བོད་ཀྱི་བདེན་མཐའ་གསལ་བ་ལའང་ཕན་ཐོགས་ཆེན་པོ་ཡོད་པ་དང་། ཁྱོད་ཚོ་ཧི་མ་ལ་ཡའི་རི་རྒྱུད་རྣམས་སུ་བོད་ཀྱི་རིག་གཞུང་དང་གཅིག་མཚུངས་རེད། དེ་ཁྱོད་ཚོས་སེམས་ལ་ངེས་པ་བྱོས། ང་ཚོས་འཚེ་བ་མེད་པའི་ལམ་ལ་བརྟེན་ནས་རྒྱུ་མཚན་ལྡན་པའི་ཐོག་ཕྱིན་པ་ཡིན་ན་འཛམ་གླིང་ཞི་བདེ་ལ་ང་ཚོས་ཏན་ཏན་ཞབས་འདེགས་སྒྲུབ་བཞིན་ཡོད། ཅེས་དང་།
དེང་སང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་མཁས་པ་མང་པོ་ཞིག་གིས་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་དང་། འཚེ་བ་མེད་པ་ལ་དགའ་བོ་བྱེད་མཁན་ཡང་ཇེ་མང་ཇེ་མང་ལ་འགྲོ་བཞིན་ཡོད། སེམས་ཁམས་རིག་པ་བཤད་སྐབས་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་སེམས་ཁམས་རིག་པ་ཧ་ཅང་ཞིབ་ཚགས་པོ་དང་སྤུས་དག་པོ་ཡོད་པ་དང་། ནུབ་ཕྱོགས་ཀྱི་ཚན་རིག་པ་དང་མཁས་པ་ཚོས་ཆོས་ཀྱི་སྐད་ཆ་མིན་པར་སེམས་ཁམས་རིག་པའི་རྣམ་གཞག་ལ་དོ་སྣང་ཡོད་མཁན་མང་པོ་འདུག ངོས་རང་ཁོ་ཚོར་ཐེངས་མང་པོར་ཐུག་པ་དང་། ཧ་ཅང་དགའ་བོ་བྱེད་ཀྱི་འདུག ངོས་ཀྱིས་སེམས་ཁམས་རིག་པ་ཅི་འདྲ་ཡིན་མིན་དང་། སེམས་ཀྱི་ཞི་བདེ་ཇི་ལྟར་སྒྲུབ་པའི་སྐོར་ལ་ཤེས་ཡོན་གྱི་འདུ་ཤེས་ཐོག་ནས་བགྲོ་གླེང་བྱེད་ཀྱི་ཡོད། ཆོས་སྤེལ་བའི་སྐད་ཆ་གང་ཡང་མ་རེད། དོ་སྣང་བྱེད་མཁན་མང་ནས་མང་དུ་འགྲོ་བཞིན་འདུག ཅེས་སོགས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་བོད་ཡིག་གསར་གཏོད་མཛད་པ་དང་། ཁྲི་སྲོང་ལྡེ་བཙན་གྱིས་མཁན་ཆེན་ཞི་བ་འཚོ་བོད་དུ་གདན་འདྲེན་གྱིས་སྒྲ་བསྒྱུར་གྱི་མཛད་འཕྲིན་བསྐྱངས་པ་ལ་བརྟེན་ནས་བཀའ་བསྟན་པོ་ཏི་སུམ་བརྒྱ་ལྷག་གཞན་དང་མ་འདྲ་བར་ཡོད་སྐོར་བཀའ་སློབ་སྩལ་བ་དང་། བཙན་བྱོལ་དུ་ཕེབས་ནས་བོད་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་དང་དར་སྤེལ་བཏང་བའི་བྱུང་རབས་སྐོར་བཀའ་སློབ་བཀའ་དྲིན་སྩལ་རྗེས་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་དང་། རྒྱལ་སྲས་ཆེན་པོ་ཞི་བ་ལྷས་སྤྱོད་འཇུག་ཆེན་མོ་ཇི་ལྟར་མཛད་པའི་ལོ་རྒྱུས་བཀའ་སློབ་སྩལ་རྗེས་སྤྱོད་འཇུག་ལེའུ་དང་པོའི་བཤད་ལུང་གནང་སྟེ་ཉིན་དང་པོའི་གསུང་ཆོས་གནང་སྒོ་ལེགས་པར་གྲུབ་ཡོད།