༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༡༤ བོད་ཟླ་ ༤ ཚེས་ ༡༥ ས་ག་ཟླ་བའི་དུས་ཆེན་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་བཀའ་དབང་གི་དངོས་གཞིའི་ཆོས་འབྲེལ་བཀའ་དྲིན་སྩལ་ཡོད་པ་རེད།
དེ་ཡང་སྔ་དྲོའི་ཆུ་ཚོད་༦།༤༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་འཁོད་མཚམས་བཀའ་སློབ་སྩལ་དོན། དེ་རིང་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དབང་རེད། སྤྱིར་བཏང་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་ལྟ་བུ་ནི་བྱ་རྒྱུད་ཀྱི་ཁོངས་སུ་འགྲོ་བཞིན་ཡོད། སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོ་ནི་བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་བཅས་ཀྱི་ནང་ནས་རྣལ་འབྱོར་བླ་མེད་ཀྱི་རྒྱུད་རེད། དེ་ལ་དམིགས་བསལ་གྱིས་ཟབ་ཁྱད་ཅིག་ཡོད་པ་རེད། སྔགས་བླ་མེད་ཀྱི་ཁྱད་ཆོས་གཙོ་བོ་ནི་མདོ་སྡེ་ནས་ཀྱང་གསུངས་ཡོད་པ་ལུས་དྲན་པ་ཉེར་གཞག་དང་། སེམས་དྲན་པ་ཉེར་གཞག་ལྟ་བུ་རེད། སེམས་ལ་རགས་པ་གློ་བུར་བའི་སེམས་གཅིག་དང་། ཕྲ་བ་གཉུག་མའི་སེམས་བཅས་གཉིས་སུ་ཕྱེ་བ་དང་། ཕྲ་བ་གཉུག་མའི་སེམས་ནི་སྔགས་བླ་མེད་ཀྱི་སྐབས་ནས་མ་གཏོགས་གསུངས་མེད། ང་ཚོ་གང་ཟག་གང་དུ་གདགས་པའི་གཞི་མཐར་ཐུག་ནི་གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་ཆགས་ཡོད། ང་ཚོས་བདག་མེད་པ་ཞེས་ཟེར་དུས་བསམ་བློ་གཏོང་སའི་རྩ་བ་ནི་གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་དེ་ངོ་བོ་ཉིད་ཀྱིས་མ་གྲུབ་པ་ལ་བསམ་བློ་གཏོང་གི་ཡོད། དེར་བརྟེན། སྔགས་བླ་མེད་ཀྱི་ལྷ་སྒོམ་དུས་སྟོང་པ་ཉིད་དུ་གྱུར་ཟེར་བ་ནི་སྣང་མཆེད་ཐོབ་གསུམ་འགག་པའི་རྗེས་ཀྱི་གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་དེ་བདག་ཏུ་འདོགས་པའི་གཞི་མཐར་ཐུག་དེ་རེད། དེ་ངོ་བོ་ཉིད་ཀྱིས་མ་གྲུབ་བོ་ཞེས་བསམ་བློ་གཏོང་བཞིན་ཡོད། བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་རྒྱུད་བཅས་རྒྱུད་སྡེ་གསུམ་པོས། ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཅེས་ཚང་མས་འདོན་བཞིན་ཡོད་པ་རེད།་ཡིན་ནའང་། སྔགས་བླ་མེད་ཀྱི་སྐབས་སུ། ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་ཟེར་དུས་བདག་ཏུ་ལྟ་བའི་ཡུལ་ཕྲ་ཤོས་དེ་ངོ་བོ་ཉིད་ཀྱིས་མ་གྲུབ་པ་ལ་བསམ་བློ་གཏོང་བ་ཞིག་རེད།
སྔགས་བླ་མེད་ཀྱི་འགྲོ་སྟངས་ནི་རགས་པ་གློ་བུར་བའི་སེམས་ལ་བཟོ་བཅོས་བརྒྱབ་སྡོད་པ་ཙམ་མ་ཡིན་པར་ཐོག་མ་དང་མཐའ་མ་མེད་པའི་གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་གྱི་སེམས་དེ་ངོ་བོ་ཉིད་ཀྱིས་མ་གྲུབ་པ་གཏན་ལ་ཕབ་ནས་གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་སྔོན་ལ་ངོ་འཕྲོད་པ་ཞིག་དང་། རབ་བྱུང་ན་རིམ་བཞིན་ཉམས་མྱོང་སྐྱེས་ཐུབ་པ་ཞིག་དང་། འཆི་བ་འོད་གསལ་གྱི་སྐབས་སུ་རགས་པ་གློ་བུར་བའི་རླུང་སེམས་དེ་དག་ལས་དབང་གིས་འགགས་ནས་གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་གྱི་སེམས་ཉག་གཅིག་ལྷག་གི་ཡོད་པ་རེད། དེ་དུས་གོམས་པ་གང་འཚམ་ཡོད་ན་སྣང་མཆེད་ཐོབ་གསུམ་ཡོང་བའི་སྐབས་སུ་སྟོང་ཉིད་ཀྱི་ལྟ་བ་ཡག་པོ་དྲན་པར་བྱས་ཏེ། དེའི་རྩི་མ་ཡལ་བའི་ཐོག་ནས་ཕྱིན་པ་ཡིན་ན་ཐམས་ཅད་སྟོང་བ་འོད་གསལ་ཞེས་པ་སྟོང་ཉིད་ཀྱི་ལྟ་བ་རྗེས་མཐུན་པ་ཞིག་ཡོང་གི་ཡོད་པ་རེད། དེར་བརྟེན། སྔགས་བླ་མེད་ཀྱི་ཁྱད་ཆོས་གཙོ་བོ་ནི་རགས་པ་གློ་བུར་བའི་སེམས་ཀྱི་དོན་ལ་ལས་ཀ་མི་བྱེད་པས་གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་ངོས་ཟིན་པ་བྱས་ཏེ། ཐོག་མར་བློ་སྦྱང་བ་ལ་གཉིད་ཁུགས་པའི་སྐབས་སུ་རླུང་སེམས་རགས་པ་རྣམས་རིམ་བཞིན་ཕྲ་རུ་ཕྱིན་པ་དང་། གཉིད་ཀྱི་འོད་གསལ་ཟེར་དུས་སྒོ་ལྔའི་ཤེས་པ་རྣམས་འགགས་ཟིན་པ་དང་། གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་ལམ་གཉིད་ཀྱི་འོད་གསལ་སླེབས་ཡོང་གི་ཡོད། གཉིད་ཀྱི་འོད་གསལ་ཆོས་སྐུ་དང་བསྲེ། རྨི་ལམ་ལོངས་སྐུ་དང་བསྲེ། སད་པ་སྤྲུལ་སྐུ་དང་བསྲེ་ཞེས་བསྲེ་བ་སྐོར་དགུ་ཞེས་ཐུན་མོང་མ་ཡིན་པ་ཞིག་ལ་བསམ་བློ་གཏོང་རྒྱུ་འདུག དེ་དག་ལམ་མཐོན་པོའི་སྐད་ཆ་མིན་པར་ང་ཚོ་ལས་དང་པོ་བའི་ས་འདི་རང་ནས་གཉིད་ཁུགས་པའི་སྐབས་སུ་བློ་ག་ལེར་ཕྲ་རུ་ཕྱིན་པའི་སྐབས་སུ་ཐིམ་རིམ་དེ་དག་སླེབས་ཡོང་གི་ཡོད། གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་གྱི་སེམས་སམ་གཉིད་ཀྱི་འོད་གསལ་དེ་ངོ་འཕྲོད་ནས་དེའི་ཐོག་སྟོང་ཉིད་སྒོམ་པ་གསུང་གི་འདུག དེ་དག་ལ་བསམ་བློ་གཏོང་དུས་ཡ་མཚན་པོ་འདུག མེད་པ་ཞིག་ལ་བཤད་པ་མ་ཡིན་པར་ང་ཚོའི་རྒྱུད་ཀྱི་སེམས་ཕྲ་རགས་མང་པོ་ཞིག་ཡོད་པ་ལ་དབྱེ་བ་ཕྱེ་སྟེ། སེམས་ཤིན་ཏུ་ཕྲ་བའི་ཐོག་བློ་ལྷན་ནེར་འཇོག་པའི་གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་ལ་ཐོག་མ་དང་མཐའ་མ་མེད་པ་དང་། སེམས་གྲུབ་ཙམ་ཉིད་ནས་གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་གྱི་རང་བཞིན་ཆགས་ནས་འགྲོ་བཞིན་ཡོད། གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་གྱི་སེམས་དེར་ངོ་བོའི་ཆ་ནས་རྣམ་མཁྱེན་དང་ཕལ་ཆེར་ཕྲ་རགས་ཀྱི་ཁྱད་པར་མེད་པ་ཞིག་རེད། ང་ཚོ་གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་ལ་གནས་མ་ཐུབ་པར་རགས་པ་གློ་བུར་བའི་སེམས་དག་སྐྱེས་ཡོང་སྐབས་རྩ་ཉོན་དྲུག ཉེ་ཉོན་ཉི་ཤུ་སོགས་ཡོང་བཞིན་ཡོད།
གང་ལྟར་ཉོན་མོངས་རེ་རེར་གཉེན་པོ་བསྟེན་རྒྱུ་ཡོད་པ་རེད། ཧ་ཅང་ཡག་པོ་རེད། ཡིན་ནའང་། སྔགས་ཀྱི་ཉམས་ལེན་བྱེད་སྐབས་རགས་པ་གློ་བུར་བའི་སེམས་སུ་ཡོད་པའི་ཉོན་མོངས་ཚང་མ་བསྡོམ་པ་དང་། གཉུག་མ་ལྷན་ཅིག་སྐྱེས་པའི་སེམས་དེ་ལས་དང་པོ་བའི་གནས་སྐབས་སུ་ལུང་མ་བསྟན་ལྟ་བུ་བསྡད་ཡོད། དེས་དེ་ལྟར་སྟོང་ཉིད་སྒོམ་པ་དེ་ལས་སླ་བོ་ཞིག་རེད་འདུག མཐར་གཉུག་མ་ལྷན་ཅིག་སྐྱེས་པའི་སེམས་དེ་རྣམ་མཁྱེན་ལ་འགྲོ་རྒྱུ་དེ་ལྟར་རེད། སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོ་ནི་གཙོ་བོ་གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་ལམ་དུ་བྱེད་རྒྱུ་དེ་རེད། སྤྱན་རས་གཟིགས་ནི་དངོས་ནས་གཞན་དང་མི་འདྲ་བའི་སྙིང་རྗེའི་ལྷ་ཞིག་རེད། དེ་སྒྲུབ་སྟངས་ནི་འོད་གསལ་རྩལ་དུ་བཏོན་ནས་སྒྲུབ་དགོས་དུས་གཞན་དང་མི་འདྲ་བའི་ཁྱད་ཆོས་ཡོད་པ་་ཞིག་ཆགས་འདུག སྔགས་ཀྱི་ཆོ་ག་གང་ཡིན་ནའང་དབང་གིས་རྒྱུད་སྨིན་པར་བྱས་ཏེ་དངོས་གཞི་སྔགས་བླ་མེད་ཟེར་སྐབས། བུམ་དབང་། གསང་དབང་། ཤེར་དབང་། ཚིག་དབང་སོགས་འགྲོ་བཞིན་ཡོད། སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་དབང་གི་སྟ་གོན་ཁ་སང་ཟིན་པ་རེད། ཅེས་སོགས་བཀའ་སློབ་སྩལ་རྗེས་མགོན་པོ་གང་ཉིད་མཆོག་གིས་བདག་འཇུག་བཞེས་པ་དང་། ཆོས་ཞུ་བ་ཡོངས་ནས་མ་ཎི་གསུང་འདོན་གནང་། རིམ་བཞིན་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་བཀའ་དབང་དངོས་གཞི་དབུ་འཛུགས་ཀྱིས་ཆུ་ཚོད་༩།༣༠ མ་ཟིན་ཙམ་ལ་བཀའ་དབང་གནང་སྒོ་ལེགས་པར་གྲུབ་པ་དང་། འདི་ལོའི་ས་ག་ཟླ་བའི་དུས་ཆེན་དང་བསྟུན་པའི་ཆོས་འབྲེལ་ལ་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་སོགས་བླ་ཆེན་ཁག་དང་སེར་སྐྱ་ཆོས་ཞུ་བ་ཆིག་ཁྲི་ཉིས་སྟོང་བརྒལ་བ་ཕེབས་ཡོད་པ་བཅས།