༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༠༤ ཚེས་ ༠༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་གི་མཇལ་འཕྲད་ཁང་དུ་ཧི་མཱ་ཅལ་མངའ་སྡེའི་ཀངྒ་རཱ་རྫོང་གི་རྫོང་དཔོན་སྐུ་ཞབས་ནི་པུན་ཇིན་ཌལ་ (Dr Nipun Jindal) ལགས་དང་། ཀངྒ་རཱ་རྫོང་གི་སྤྱི་ཁྱབ་ཉེན་རྟོག་པ་སྐུ་ཞབས་ཀུ་ཤལ་ཅནྟ་ཤཱར་མ་ (Dr Kushal Chand Sharma) ལགས་ཀྱིས་གཙོས་ས་གནས་ཀྱི་དཔོན་རིགས་ཁག་གཅིག་ལ་མཇལ་ཁ་དང་བཀའ་སློབ་སྩལ་ཡོད་པ་རེད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་གཟིམ་ཆུང་ནས་མཇལ་འཕྲད་ཁང་དུ་ཆིབས་སྒྱུར་བསྐྱངས་སྐབས་ཀངྒ་རཱ་རྫོང་གི་རྫོང་དཔོན་དང་ཀངྒ་རཱ་རྫོང་གི་སྤྱི་ཁྱབ་ཉེན་རྟོག་པ་རྣམ་གཉིས་ཀྱིས་མགོན་པོ་གང་ཉིད་མཆོག་གི་ཕྱག་གཡས་གཡོན་ནས་འཇུས་ཏེ་ཕེབས་བསུ་དང་བཅས་བཞུགས་ཁྲིར་འཁོད་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།
ངོས་རང་བཙན་བྱོལ་བ་ཆགས་པ་ནས་བཟུང་རྒྱ་གར་གྱི་སྲིད་བློན་དང་པོ་ཇཝཱ་ཧར་ལལ་ནེཧ་རུ་ (Jawaharlal Nehru) མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་ཀངྒ་རཱ་རྫོང་འདི་ངོས་རང་གཏན་སྡོད་བྱེད་སའི་གྲོང་སྡེ་རུ་བདམས་པ་རེད། སྐབས་དེ་དུས་ང་ཚོ་མ་སུ་རིར་བསྡད་ནས་ལོ་གཅིག་ཙམ་འགྲོ་བཞིན་ཡོད། མ་སུ་རི་ནི་ལྡི་ལི་དང་ཅུང་ཐག་ཉེ་བ་ཡོད་ལ། གྲོང་རྡལ་ཆེན་པོ་ཞིག་ཀྱང་རེད། ཇཝཱ་ཧར་ལལ་ནེཧ་རུ་མཆོག་གིས་ཀངྒ་རཱ་རྫོང་འདི་ས་བབ་ཀྱི་ཆ་ནས་འོས་ཤིང་འཚམས་པ་རེད་ཅེས་ཐག་བཅད་པ་རེད། སྐབས་དེ་དུས་འབྲས་སྤྱི་བློན་ཆེན་ཨ་པ་པནྟ་ (Apa Pant) མཆོག་རེད། ང་ཚོ་ཧ་ཅང་བློ་ཐག་ཉེ་བའི་གྲོགས་པོ་རེད།
ངོས་རང་འདིར་འབྱོར་སྐབས་ངོས་ཀྱིས་སྡུག་སྐད་ཅུང་ཙམ་བརྒྱབ་པ་ཡིན། འབྲས་སྤྱི་བློན་ཆེན་ཨ་པ་པནྟ་མཆོག་གིས་ས་གནས་འདི་ནས་ཏཱ་ལའི་བླ་མའི་འོད་ཟེར་ཕྱོགས་ཀུན་ལ་འཕྲོ་ངེས་རེད་ཅེས་གསུངས་བྱུང་། གང་ལྟར་ངོས་རང་ས་གནས་འདི་རུ་ཧ་ཅང་བདེ་པོ་དང་རང་དབང་གི་སྒོ་ནས་སྡོད་བཞིན་ཡོད། རྒྱ་གར་ནང་ཆོས་དད་རང་དབང་དང་མང་གཙོ་ཡོད། ཀངྒ་རཱ་རྫོང་འདི་ལ་དྭགས་དང་ཅུང་ཙམ་གཅིག་པ་མིན། ལ་དྭགས་ནི་ཀངྒ་རཱ་རྫོང་དང་བསྡུར་ན་ཅུང་ཙམ་མཐོ་བ་ཡོད། ས་གནས་འདི་དྲོ་གྲང་གི་ཐད་ནས་ཧ་ཅང་འཚམས་པོ་ཡོད། ངོས་རང་ས་གནས་འདིར་བསྡད་ནས་ལོ་བཅུ་ཕྲག་ཁ་ཤས་འགྲོ་བཞིན་ཡོད་ལ། གཟུགས་པོའི་ཆ་ནས་ཀྱང་བདེ་པོ་ཐང་པོ་ཡིན། དེ་རིང་སྔ་དྲོ་བོད་པའི་ཕྱི་ལུགས་སྨན་པ་དང་གསོ་རིག་སྨན་པ་གཉིས་ནས་ངོས་ལ་བརྟག་དཔྱད་བྱས་སོང་། ཁོང་ཚོས་ནམ་རྒྱུན་ངོས་ལ་བརྟག་དཔྱད་གནང་གི་ཡོད། ཁོང་གཉིས་ནས་ངོས་ཀྱིས་གཟུགས་པོའི་གནས་སྟངས་ཧ་ཅང་ཡག་པོ་འདུག་ཅེས་གསུངས་བྱུང་། ངོས་ལ་མཚོན་ན་ས་གནས་འདི་ཧ་ཅང་འཚམས་པོ་འདུག
ངོས་རང་ས་གནས་འདིར་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་སྡོད་པའི་སྐབས་ས་གནས་རྒྱ་གར་གྱི་ཉེན་རྟོག་པ་ཚུད་པའི་དཔོན་རིགས་ཚོས་ཉིན་མཚན་རྟག་ཏུ་ངོས་ལ་དངོས་གནས་དྲང་གནས་ལྟ་རྟོག་ཧ་ཅང་ཡག་པོ་གནང་བྱུང་བས་བཀའ་དྲིན་ཤིན་ཏུ་ཆེ་ཞེས་ཞུ་རྒྱུ་ཡིན། ཉིན་ལྟར་སྔ་དྲོ་ཆུ་ཚོད་ ༥།༣༠ ཙམ་ལ་ངོས་རང་ཁང་པའི་ནང་ནས་ཕྱིར་ཐོན་ཏེ་རྒྱ་གར་གྱི་ཉེན་རྟོག་པ་དྲུག་བདུན་ཡོད་པ་རྣམས་ལ་རྒྱ་གར་གྱི་སྐད་ཐོག་ནས་ནཱ་མ་སི་ཏེ་ (Namaste) ཞེས་སྔ་དྲོའི་འཚམས་འདྲི་ཞུ་ཡི་ཡོད་ལ། ངོས་ཀྱིས་ཁོང་ཚོར་ངོས་རང་ཆུ་ཚོད་དགུ་རིང་གཉིད་ཉལ་གྱི་ཡོད་ཅེས་རྗོད་ཀྱི་ཡོད། རྒྱ་གར་གྱི་སྲིད་བློན་ཞིག་དང་ངེད་གཉིས་ཧ་ཅང་བློ་ཐག་ཉེ་བའི་གྲོགས་པོ་ཆགས་སོང་། ཉིན་གཅིག་སྔ་དྲོ་ངེད་གཉིས་མཇལ་འཕྲད་བྱུང་སྐབས་ཁོང་གིས་ངོས་ཀྱི་གཉིད་ཀྱི་སྐོར་བཀའ་འདྲི་གནང་བྱུང་། ངོས་ཀྱིས་ཐུགས་ཁྲལ་མ་གནང་། ངོས་རང་ཆུ་ཚོད་དགུ་རིང་གཉིད་ཉལ་གྱི་ཡོད། དེ་ནས་ཆུ་ཚོད་ཁ་ཤས་རིང་སྒོམ་བརྒྱབ་ནས་རིག་པ་སྤྱང་པོ་བཟོ་ཡི་ཡོད། དེ་ལ་བརྟེན་ནས་མི་གཞན་ལ་ལས་སླ་པོའི་ངང་ནས་མགོ་སྐོར་གཏོང་ཐུབ་ཀྱི་འདུག་ཅེས་སྐུ་རྩེད་ཀྱི་ཚུལ་དུ་ཞུས་པ་ཡིན།
ཕྱི་ལོ་ ༡༩༦༠ ལོར་ངོས་རང་ས་གནས་འདིར་སླེབས་པ་རེད། ས་གནས་འདིར་སླེབས་པ་ནས་བཟུང་ད་བར་ས་གནས་ཀྱི་རྒྱ་གར་དཔོན་པོ་ཚོས་ངོས་ལ་ཧ་ཅང་ལྟ་རྟོག་ཡག་པོ་གནང་བ་མ་ཟད། ཧ་ཅང་བདེ་པོ་ཐང་པོ་བྱས་ནས་བསྡད་བཅུག་སོང་། དེར་བརྟེན་ས་གནས་རྒྱ་གར་གྱི་དཔོན་རིགས་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་ལ་སོ་ཧ་ཅང་ཡག་པོ་ཡོད་པས་ཤིང་ཏོག་སྐམ་པོ་རིགས་ཟ་དགོས་བྱུང་ན་ཟ་ཐུབ་ཀྱི་ཡོད། ངོས་ཀྱིས་དེ་རིང་གི་གོ་སྐབས་འདི་བརྒྱུད་ས་གནས་རྒྱ་གར་གྱི་དཔོན་རིགས་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ངོས་རང་རྒྱ་གར་གཞུང་གི་སྐུ་མགྲོན་ཞིག་ཡིན་ཞེས་གོ་སྐབས་ནམ་བྱུང་སྐབས་ཚར་མང་པོ་ཞུ་མྱོང་ཡོད། དེ་རིང་གི་འདུ་འཛོམས་འདི་དང་འདྲ་བའི་ས་གནས་འདི་ནས་ངོས་ཀྱིས་བརྙན་འཕྲིན་དང་ཐུག་འཕྲད་བརྒྱུད་འཛམ་གླིང་གི་མི་མང་ལ་བསམ་ཚུལ་སྤེལ་རེས་བྱེད་ཀྱི་ཡོད། ངོས་ཀྱིས་རང་ཉིད་ཀྱི་མི་ཚེ་འདི་དངོས་གནས་དྲང་གནས་བེད་སྤྱོད་ཆེན་པོ་ཞིག་ཡིན་པ་ཚོར་གྱི་ཡོད། ས་གནས་རྒྱ་གར་གྱི་དཔོན་རིགས་ཚོས་ངོས་ལ་བློ་བདེ་བག་ཕེབས་ཀྱི་མཐུན་རྐྱེན་སྦྱར་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གནམ་གཤིས་ཀྱི་ཆ་ནས་ཀྱང་ས་གནས་འདི་ཧ་ཅང་འཚམས་པོ་འདུག ཆར་དུས་སྐབས་ཆར་པ་ཤུགས་ཆེན་པོ་འབབ་ཀྱི་ཡོད་ཀྱང་དཀའ་ངལ་མི་འདུག སྔོན་མ་ཡིན་ན་ས་གནས་འདིར་གངས་འབབ་ཀྱི་ཡོད། ངོས་ཀྱིས་གངས་འབབ་ན་སྙམ་པའི་རེ་བ་རྒྱག་གི་ཡོད། ང་ཚོ་གངས་རིའི་ལྗོངས་ནས་ཡོང་བ་ཡིན་སྟབས། གངས་བབས་ན་ང་ཚོས་དགའ་ཚོར་བྱེད་ཀྱི་ཡོད། ངོས་ཀྱིས་རྒྱ་གར་དབུས་དང་མངའ་སྡེ་གཞུང་། ས་གནས་རྫོང་གི་རིམ་པ་སོ་སོའི་དཔོན་རིགས་རྣམས་ཀྱིས་ངོས་རང་ལ་ལྟ་རྟོག་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་བཀའ་འདྲི་ཁག་ལ་བཀའ་ལན་སྩལ་ཡོད་པ་བཅས།