༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་གི་མཇལ་འཕྲད་ཁང་དུ་སོག་པོའི་དད་ལྡན་སེར་སྐྱ་ཁག་གཅིག་ལ་མཇལ་ཁ་དང་བཀའ་སློབ་སྩལ་ཡོད་པ་རེད།
དེ་ཡང་ཞོགས་པའི་ཆུ་ཚོད་ ༨།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་གཟིམ་ཆུང་ནས་མཇལ་འཕྲད་ཁང་དུ་ཆིབས་བསྒྱུར་སྐབས་དད་ལྡན་སེར་སྐྱ་མི་མང་གིས་༸རྒྱལ་བའི་ཞབས་བརྟན་གསོལ་འདེབས་གསུངས་འདོན་དང་། བཞུགས་ཁྲིར་འཁོད་མཚམས་རུ་སོག་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག སོག་ཡུལ་ནས་ང་ཚོ་མི་ ༥༢ བཞུགས་སྒར་རྡ་རམ་ས་ལར་བཅར་ཡོད། ཨུ་རུ་སུ་སྐུ་ཚབ་དོན་གཅོད་ཁང་དང་། ན་རོ་པཎ་ཆེན་ཐེབས་རྩ། ཏེ་ལོ་ཧོ་ཐོག་ཐུ་ཐེབས་རྩ་གསུམ་ཐུན་མོང་གིས་གོ་སྒྲིག་བྱས་ཏེ་ཆེད་དུ་བཅར་བ་ཡིན། དེ་རིང་བཞུགས་སྒར་རྡ་རམ་ས་ལར་ང་ཚོ་ཉིན་བཞི་པ་ཆགས་ཡོད། གནངས་ཉིན་རིམ་བཞིན་སོག་པོར་ལོག་འགྲོ་རྒྱུ་ཡིན། ད་ཐེངས་རྡ་རམ་ས་ལར་བཅར་བ་ནི་སྤྲོ་འཆམ་མིན་པར་གཙོ་བོ་སེམས་ཁམས་རིག་པ་དང་། ནང་ཆོས་ངོ་སྤྲོད། ཡ་རབས་ཀུན་སྤྱོད་ཟབ་སྦྱོང་གི་ཆེད་བཅར་བ་ཡིན། འདིའི་ནང་སོག་ཡུལ་དུ་སྤྱི་ཚོགས་ནང་སྙན་གྲགས་ཅན་དང་རྩོམ་པ་པོ། གཞུང་ཞབས་པ་ཟུར་པ་སོགས་ཡོད། དེ་རིང་འདིར་གོ་སྐབས་གནང་བ་ལ་ཚང་མའི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་ངོ་སྤྲོད་གསུང་བཤད་གནང་བ་དང་།
དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཀའ་སློབ་སྩལ་དོན། དེ་རིང་སོག་རིགས་གྲོགས་པོ་ཚོར་ཐུག་ནས་ཧ་ཅང་དགའ་བོ་བྱུང་། ང་ཚོ་བོད་སོག་གཉིས་ལ་འབྲེལ་བ་ཟབ་མོ་ཡོད་པ་རེད། ༸རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་སོག་ཡུལ་དུ་ཕེབས་ནས་ཧ་ཅང་སེམས་ཐག་ཉེ་བོ་རེད། གཙོ་བོ་ལྷ་ས་ལ་སོག་པོའི་གྲྭ་རྒྱུན་ཧ་ཅང་མང་པོ་ཡོད། སྐུ་མདུན་སྐུ་གོང་མ་རྒོད་མའི་འོ་མར་ཐུགས་མཉེས་པོ་ཡོད་པ་འདྲ། ངོས་རང་ཡང་ཧ་ཅང་དགའ་བོ་ཡོད། གང་ལྟར་ང་ཚོ་བོད་པ་དང་སོག་པོ་གཉིས་ལ་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ཞིག་རེད། གོང་དུ་ཞུས་པ་བཞིན་༸རྒྱལ་བ་བསོད་ནམས་རྒྱ་མཚོ་སོག་ཡུལ་དུ་ཕེབས་ནས་དམིགས་བསལ་གྱིས་འབྲེལ་བ་ཡོད་པ་ཞིག་རེད། ཏཱ་ལའི་བླ་མ་ཞེས་པའི་མཚན་འདི་ཡང་སོག་པོ་དང་འབྲེལ་བ་ཡོད་པ་ཞིག་རེད། ལོ་རྒྱུས་ཀྱི་ཐོག་ནས་བཤད་པ་ཡིན་ན་སོག་རིགས་དང་ང་ཚོ་སྤུན་ཟླ་རང་རེད།
བོད་དུ་ཡོད་པའིི་སོག་པོའི་གྲྭ་རྒྱུན་ཚོ་དཔེ་ཆ་བལྟ་བ་ལ་ཧ་ཅང་ཡག་པོ་ཡོད་པས་སོག་པོའི་གྲྭ་རྒྱུན་ནང་དུ་རྡོབ་རྡོབ་ཕལ་ཆེར་ཡོད་པ་མ་རེད། གཞན་ང་ཚོའི་གདན་ས་ཚོའི་ནང་དུ་རྡོབ་རྡོབ་ཅེས་ཁ་ཤས་ཀྱིས་གྲི་བཏགས་ནས་རྒྱག་རེས་ཙ་བོ་ཅན་དེ་འདྲ་ཡོད་པ་རེད། ངོས་རང་ལ་ཡོངས་འཛིིན་རྣམ་པ་གཉིས་གཙོ་བོ་བྱས་ཏེ་མཚན་ཞབས་ཡོད། དེའི་ནང་དངོས་གྲུབ་ཚོགས་ཉིད་སོག་པོ་རེད། ངོས་རང་ལ་རྟགས་གསལ་དང་རིགས་ལམ་སློབ་རྒྱུའི་རྐང་འགན་རྒན་དངོས་གྲུབ་ཚོགས་ཉིད་ཀྱིས་གནང་བ་རེད། དེར་བརྟེན། ང་ཚོ་ཚང་མར་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ཞིག་རེད། ངོས་རང་སྐྱེས་ས་ཟི་ལིང་ནས་སོག་པོར་ཧ་ཅང་ཐག་ཉེ་བོ་རེད། སོག་པོའི་གྲྭ་རྒྱུན་ཡོད་པ་རེད་ལ། ཟི་ལིང་དུ་སོག་པོའི་མིའང་ཡོང་གི་རེད། ངོས་རང་ཆུང་ཆུང་སྐབས་ནས་འབྲེལ་བ་ཡོད་པ་ཞིག་རེད།
དེ་རིང་འདིར་ངོས་རང་ལ་མཚོན་ན་བཙན་བྱོལ་བ་ཆགས་ཡོད། ཡིན་ནའང་། རྒྱ་གར་གཞུང་གི་སྐུ་མགྲོན་བྱས་ཏེ་རང་དབང་ཆ་ཚང་ཡོད་པའི་ཐོག་སྡོད་ཀྱི་ཡོད། གནས་སྟངས་བཙན་བྱོལ་བ་ཆགས་ཡོད་ཀྱང་རང་དབང་ཆ་ཚང་ཡོད། མི་མང་པོར་འབྲེལ་བ་བྱས་ཏེ་ངོས་ཀྱི་བསམ་ཚུལ་བཤད་བཞིན་ཡོད། ཨ་ཧྥུ་རི་ཀ་དང་ཨ་རུབ་དང་ནང་འབྲེལ་བ་ཆེན་པོ་མེད། ཡུ་རོབ་ནང་དུ་ངོས་ལ་འབྲེལ་བ་ཡོད་པ་ཧ་ཅང་མང་པོ་རེད། ལྷག་པར་དུ་ཚན་རིག་པ་ཡོད། ཚན་རིག་པར་སེམས་ཁམས་རིག་པ་མང་པོ་བཤད་རྒྱུ་ཡོད་པ་མ་རེད། ཀླད་པའི་མཁས་པ་ཚོས་ཀླད་པའི་འགྲོ་སྟངས་ཤེས་ཀྱི་རེད་མ་གཏོགས་སེམས་ཁམས་རིག་པའི་སྐོར་རྒྱ་གར་གྱི་རིག་གཞུང་ནང་ནས་ཡོང་སྡོད་པ་ཞིག་དང་། དེའི་ནང་ཚན་ནས་སངས་རྒྱས་པའི་གཞུང་གི་ནང་དུ་ཧ་ཅང་ཞིབ་ཚགས་པོ་དང་མང་པོ་ཡོད། ཚན་རིག་པའི་ནང་དུ་ངོས་ལ་ངོ་ཤེས་པ་མང་པོ་ཡོད་པས་དེང་སང་སེམས་ཁམས་རིག་པའི་སྐོར་ལ་ང་ཚོས་གོ་བསྡུར་བྱས་པ་ཡིན། ཚན་རིག་པ་ཁ་ཤས་ཀྱིས་ངོས་རང་ལ་ཕྱེད་ཀ་ནང་པ་རེད། ཕྱེད་ཀ་ཚན་རིག་པ་རེད་ཟེར་མཁན་ཡོང་གི་འདུག
གང་ལྟར་སངས་རྒྱས་པའི་ཆོས་འདི་ཧ་ཅང་གཏིང་ཟབ་མོ་དང་རྒྱ་ཆེན་པོ་རེད། ང་ཚོའི་བོད་ཀྱི་ནང་ཆོས་འདི་ནཱ་ལེནྡྲའི་ཆོས་བརྒྱུད་ཆགས་ཡོད། ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་ནང་དུ་སློབ་དཔོན་ཕྱོགས་གླང་དང་ཆོས་གྲགས། གཙོ་ཆེན་མགོན་པོ་ཀླུ་སྒྲུབ་དང་ཟླ་བ་གྲགས་པོ་སོགས་ཀྱིས་རིགས་པའི་དཔྱད་པ་བྱེད་པ་ཞིག་དང་། གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་རྣམས་རིགས་པའི་ལམ་ནས་གཏན་ལ་ཕབ་རྒྱུ་གཙོ་བོར་བརྩི་བཞིན་ཡོད། དབུ་མ་འཇུག་པའི་ནང་དུ། དེ་ཉིད་བཤད་ཟིན་ཟབ་མོ་འཇིགས་རུང་འདི་ནི་སྔོན་གོམས་ཉིད་ལས་སྐྱེ་བོ་ཡིས།། ངེས་པར་རྟོགས་འགྱུར་འདི་ནི་གསན་རྒྱ་ཆེ་ཡང་གཞན་གྱིས་ཐུགས་སུ་ཆུད་མི་འགྱུར།། ཅེས་གནས་བརྟན་དབྱིག་གཉེན་དང་། ཕྱོགས་གླང་། ཆོས་གྲགས་སོགས་ཀྱིས་རིགས་པས་དཔྱད་པ་དེ་ཙམ་མེད་པ་ཡིན་པས་སྐྱབས་སུ་མཆི་རྩ་ཆེན་པོ་རེད་ཟེར་བ་ཙམ་མ་གཏོགས་དེ་དག་གི་གསུངས་ལ་སློབ་སྦྱོང་དང་ཞིབ་ཚགས་པོ་བྱེད་རྒྱུ་མང་པོ་ཡོད་པ་མ་རེད། ངོས་རང་ལ་ཆ་མཚོན་ན་སློབ་དཔོན་དབྱིན་གཉེན་གྱི་མཛོད་རྩ་བ་དེ་བློ་ལ་བཟུང་བ་ཡིན། ཡིན་ནའང་། དེ་ཙམ་གསལ་བོ་ཡོད་པ་མ་རེད། མངོན་རྟོགས་རྒྱན་གྱིས་ཤེར་ཕྱིན་གྱི་དོན་རྣམས་ཚུར་བསྡུས་ཡོད། ལྷག་པར་དུ་དབུ་མ་འཇིགས་པ་དེ་ཧ་ལས་པ་ཞིག་རེད། ངོས་རང་ཆུང་ཆུང་སྐབས་ནས་རྒྱན་འཇུག་གཉིས་བློ་ལ་བཟུང་ནས་ཉིན་ལྟར་དུམ་བུ་དུམ་བུ་སྐྱོར་བཞིན་ཡོད། གང་ལྟར་ངོས་ལ་དཔེ་ཆ་ཁྲིད་མཁན་གཙོ་བོ་གཅིག་མཚན་ཞབས་དངོས་གྲུབ་ཚོགས་ཉིད་རེད། ཁོང་སོག་པོ་རེད།
སྐུ་མདུན་སྐུ་གོང་མས་སོག་པོ་རབ་བྱུང་བསྙེན་རྫོགས་སྒྲུབ་མཁན་ལ་ཤམ་ཐབས་བྱིན་རླབས་བྱེད་པའི་སྐབས་བོད་སྐད་མ་གོ་བས་སྐུ་གོང་མས་སོག་སྐད་སྐྱོན་པ་རེད་ཟེར། སྐུ་མདུན་གྱིས་སོག་སྐད་སྐྱོན་སོང་ཧ་ཅང་སྐྱིད་པོ་བྱུང་ཟེར་མཁན་བྱུང་། དམིགས་བསལ་གྱིས་སྐུ་མདུན་སྐུ་གོང་མ་སོག་པོར་བཞུགས་པ་རེད། ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ཞིག་རེད། ངོས་རང་ལ་ཆ་བཞག་ན་ཟི་ལིང་སོག་པོ་དང་ཧ་ཅང་ཐག་ཉེ་བོ་རེད། སོག་པོའི་གྲྭ་རྒྱུན་མང་པོ་མཐོང་རྒྱུ་ཡོད། དེ་རིང་འདིར་སོག་པོའི་སྤུན་ཟླ་གྲོགས་པོ་ཚོ་ཁག་གཅིག་ལ་ཐུག་པ་ཧ་ཅང་དགའ་བོ་བྱུང་། ཅེས་དང་། ད་ལྟ་གོང་དུ་བཤད་པ་བཞིན་ང་ཚོ་བོད་སོག་ལ་འབྲེལ་བ་ཟབ་མོ་ཡོད་པ་ད། ༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ལ་འབྲེལ་བ་ཆེན་པོ་ཡོད་པ་དང་། སྐུ་མདུན་སྐུ་གོང་མ་ལའང་འབྲེལ་བ་ཆེན་པོ་ཡོད་པ་རེད། དེར་བརྟེན། དེ་རིང་འདིར་ནང་ཚགས་ཁྱིམ་ཚང་གཅིག་གི་མི་ནང་བཞིན་དྲི་བ་འདྲི་རྒྱུ་ག་རེ་ཡོད། ཅེས་བཀའ་སློབ་སྩལ།
དེ་རྗེས་དྲི་བ་ཁག་ཅིག་གི་བཀའ་ལན་དང་འབྲེལ་ནང་ཆོས་ནི་སོག་པོར་མཚོན་ན་རིག་གནས་གསར་པ་མ་ཡིན་པར་སྔ་མོ་ནས་དར་ཡོད་པ་ཞིག་ཡིན་པ་དང་། གསར་བརྗེ་བྱུང་སྟེ་དགེ་འདུན་པ་དང་དཔེ་ཆ་མེད་བརླག་སོང་བ་སོགས་ཉེན་ཁ་བྱུང་ཡང་ད་ལྟར་བསྐྱར་གསོ་བྱས་ཡོད་སྐོར་དང་། སོག་པོ་དང་བོད་ཀྱི་རིག་གཞུང་གཅིག་མཚུངས་ཡིན་པས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་བྱེད་རྒྱུ་ང་ཚོའི་ལས་འགན་ཡིན། ཞེས་དང་། ཤེས་ཡོན་གྱི་སྡེ་ཚན་ནང་དུ་བཀའ་བསྟན་ལ་སློབ་གཉེར་བྱ་རྒྱུ་གལ་ཆེན་པོ་ཡིན་པ་དང་། བོད་ཀྱི་ངོས་ནས་སོག་ཡུལ་དུ་དགེ་བཤེས་དྲག་གྲས་དགེ་རྒན་དུ་གཏོང་བའི་མཐུན་འགྱུར་ཞུ་ཐུབ་ཀྱི་ཡོད་པ་བཀའ་ཕེབས། དེ་ནས་མུ་མཐུད་བཀའ་སློབ་སྩལ་དོན། ང་ཚོ་ཚང་མ་མ་ཡི་བྱམས་བརྩེའི་འོག་འཚོ་ཡོད་པ་དང་། བྱམས་བརྩེ་ནི་ཧ་ཅང་གལ་ཆེན་པོ་ཡིན། ཆུང་ངུའི་དུས་སུ་ང་ཚོ་ཚང་མ་བྱམས་བརྩེ་ལ་བརྟེན་ནས་འཚོ་ཡོད། མིའི་ལྷན་སྐྱེས་ཀྱི་རང་བཞིན་བྱམས་བརྩེ་ཅན་ཡིན་ཡང་། རིམ་བཞིན་སློབ་གྲྭར་སོང་ནས་ཕྱི་དངོས་པོའི་སྐོར་ལ་ཤུགས་ཆེར་འབད་བརྩོན་བྱས་ཡོད་སྐོར་དང་། བྱམས་བརྩེ་ནི་ཆོས་ཀྱི་སྐད་ཆ་མ་ཡིན་པར་སློབ་གྲྭ་ཁག་ནས་དོ་སྣང་བྱེད་ཐུབ་ན་ཧ་ཅང་གལ་ཆེན་ཡིན་པ་མ་ཟད། ངོས་ཀྱིས་འདིའི་སྐོར་ལ་འབད་བརྩོན་བྱེད་བཞིན་ཡོད་ལ་ཁྱོད་རང་ཚོས་ཀྱང་འདི་ལ་དོ་སྣང་གནང་རོགས་ཞེས་སོགས་བཀའ་སློབ་སྩལ་བ་དང་། མཐར་ཁོར་ཡུག་དང་འབྲེལ་བའི་བཀའ་སློབ་ཟབ་མོ་དང་འབྲེལ་སོག་པའི་རྩྭ་ཐང་བྱེ་ཐང་དུ་གྱུར་ན་ཁྱོད་ཚོས་སོག་ལུག་འཚོ་ས་རག་གི་མ་རེད། ཁོར་ཡུག་ཧ་ཅང་གལ་ཆེན་པོ་རེད་ཅེས་བཀའ་སློབ་སྩལ་ཡོད་པ་བཅས།