༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་ཁ་སང་དང་དེ་རིང་ཉིན་གཉིས་རིང་གི་གཞུང་ཆེན་བཀའ་པོད་ལྔ་དང་གསང་སྔགས་རྡོ་རྗེ་ཐེག་པ་བཅས་ཀྱི་ཐོག་དཔེ་ཁྲིད་དགེ་རྒན་རྣམ་པའི་དྲ་ཐོག་བགྲོ་གླེང་ལ་དབུ་བཞུགས་དང་བཀའ་སློབ་བཀའ་དྲིན་སྩལ་ཡོད་པ་རེད།
དེ་ཡང་སྔ་དྲོ་ཆུ་ཚོད་ ༩།༠༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་གཟིམ་ཆུང་ནས་མཇལ་འཕྲད་ཁང་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་འཁོད་མཚམས་བགྲོ་གླེང་བ་རྣམས་ནས་དྲ་ལམ་བརྒྱུད་ཞལ་འདོན་ཁག་ཅིག་གསུང་འདོན་དང་། དེ་རྗེས་བཀྲ་ཤིས་ལྷུན་པོའི་མཁན་རིན་པོ་ཆེ་མཆོག་གིས་སྟངས་འཛིན་དང་འབྲེལ་བྱང་རྩེའི་དཔེ་ཁྲིད་རྒན་དགེ་བཤེས་ཟླ་བ་བཟང་པོས་ཕར་ཕྱིན་སྨད་ཆའི་ནང་དོན་ཐོག་དཔྱད་རྩོམ་འགྲེལ་བཤད་ཀྱིས་བགྲོ་གླེང་དབུ་འཛུགས་མཛད་པ་དང་། དཔྱད་རྩོམ་འགྲེལ་བཤད་གྲུབ་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།
དེ་རིང་འདིར་གཞོན་སྐྱེས་འཚར་ལོངས་བྱེད་མཁན་གྱི་མི་རབས་དཔེ་ཆར་བལྟ་དང་ལྟ་བཞིན་པ་ཚོའི་ངོས་ནས་བགྲོ་གླེང་བྱེད་བཞིན་པ་རེད། ངོས་ཀྱིས་འདིར་ལོ་རྒྱུས་ཀྱི་འཕེལ་རིམ་ཞིག་བཤད་འདོད་བྱུང་། ཕྱི་ལོ་ ༡༩༥༩ ལོར་ང་ཚོ་ཚང་མ་སྲན་མ་ཐོར་བ་བཞིན་མ་འོངས་པར་གང་འདྲ་ཞིག་ཡོང་གི་ཡོད་མེད་ཚོད་ཐིག་དཀའ་བ་ཞིག་དང་། ཐ་ན་ནོར་གླིང་ནས་ཐོན་ཡོང་དུས་སྲོག་མགོ་ཐོན་དང་མ་ཐོན་ཐོག་ནས་ཡོང་བ་ཞིག་རེད།
ཡིན་ནའང་། ང་ཚོ་བོད་ལ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ནས་ཡི་གེ་ཡོད་པའི་སྐད་ཅིག་རྒྱ་ཡིག་དང་ལེགས་སྦྱར་ལྟ་བུ་ལ་དཔེ་མ་བལྟས་པར་དེ་བ་ནག་རིས་(devanagari) ལ་དཔེ་བལྟས་ནས་བཟོས་འདུག བསམ་བློ་ཧ་ཅང་རྒྱ་ཆེན་པོ་དང་སྙིང་སྟོབས་ཆེན་པོ་རེད། མཁན་སློབ་ཆོས་གསུམ་གདན་འཛོམས་པ་དང་། མཁན་ཆེན་ཞི་བ་འཚོས་ཁྱེད་རང་ཚོར་བོད་ཡིག་ཟུར་དུ་འདུག་པས་ལེགས་སྦྱར་སྐད་དང་། རྒྱ་སྐད་སློབ་མི་དགོས་པར་བོད་ཡིག་ཏུ་ལེགས་སྦྱར་དང་པཱ་ལིའི་གཞུང་དུ་ཡོད་པ་རྣམས་བསྒྱུར་ན་དེ་གས་འགྲིག་གི་རེད་ཅེས་གསུངས་པ་རེད། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ནས་རྒྱ་བཟའ་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་རེད། ཡིན་ནའང་། ཁོང་ལ་མི་རིགས་ཀྱི་ལྟ་བ་ཤུགས་ཆེན་པོ་ཡོད་པས་བོད་ཡིག་སྲོལ་བཏོད་འདུག དེར་བརྟེན། མཁན་ཆེན་ཞི་བ་འཚོས་ཁྱོད་ཚོར་བོད་ཡིག་ཅིག་ཡོད་པས་དེ་ཡར་རྒྱས་བཏང་ནས་གཞུང་ཆེན་རྣམས་ཚུར་བསྒྱུར་ན་དེ་གས་འགྲིག་གི་འདུག་ཅེས་གསུངས་པ་རེད། བདེན་པ་ཡིན་མིན་མི་ཤེས་ཀྱང་གོ་ཐོས་ལ་མཁན་ཆེན་ཞི་བ་འཚོ་རང་ཉིད་ཀྱིས་ཀྱང་བོད་ཡིག་ལ་ཐུགས་སྣང་གནང་བ་རེད་ཅེས་ཟེར། གང་ལྟར་རིམ་བཞིན་བཀའ་འགྱུར་པོ་ཏི་བརྒྱ་ལྷག་དང་། བསྟན་འགྱུར་པོ་ཏི་ཉིས་བརྒྱ་ལྷག་སྐད་ཡིག་གཞན་སུ་ལའང་རེ་མི་དགོས་པར་བོད་ཡིག་རང་གི་ཐོག་ནས་བལྟ་རྒྱུ་ཡོད་པ་ཞིག་རེད། དེང་སང་གི་དུས་ཚོད་འདིར་ནངས་པ་སངས་རྒྱས་པའི་ཆོས་སྤྱི་དང་། དཔལ་ནཱ་ལེནྡྲའི་དབུ་ཚད་ཟུང་འཇུག་གི་གཞུང་ཁྲིད་པ་ལ་བོད་ཡིག་དང་བོད་སྐད་ཡག་ཤོས་ཆགས་ཡོད། དེ་ངོས་རང་གི་རང་མྱོང་ཡིན། དཔེར་ན། རྩ་བ་ཤེས་རབ་བོད་ཡིག་ནང་དུ་མ་བསྒྱུར་གོང་དུ་རྒྱ་ཡིག་ནང་དུ་བསྒྱུར་ཟིན་ཡོད་པ་རེད། ཡིན་ནའང་། དེ་ལ་འགྲེལ་བཤད་རྒྱག་ཐུབ་མཁན་ཡོད་པ་མ་རེད། བོད་ལ་བཀའ་འགྱུར་དང་བསྟན་འགྱུར་པོ་ཏི་སུམ་བརྒྱ་ཙམ་ཡོད་པ་ལ་སློབ་གཉེར་བ་ཚོས་རྩ་བ་བློ་ལ་བཟུང་། འགྲེལ་བ་རྒྱ་འགྲེལ་དང་བོད་འགྲེལ་བསྡུར་ནས་བལྟ་སྲོལ་ཧ་ཅང་ཡག་པོ་རེད།
ངོས་རང་ཆུང་ཆུང་སྐབས་སུ་མངོན་རྟོགས་རྒྱན་དང་དབུ་མ་འཇུག་པ་བློ་ལ་བཟུང་ཡོད། ཡོངས་འཛིན་རིན་པོ་ཆེས་ཞོགས་པ་ཆུ་ཚོད་གཅིག་དང་དགོང་དྲོ་ཆུ་ཚོད་གཅིག་ཕུལ་གྱི་རེད། དེ་དུས་ཉིན་རེ་བཞིན་དབུ་མ་འཇུག་པ་དང་མངོན་རྟོགས་རྒྱན་རེས་མོས་བྱས་ནས་སྐྱོར་བཞིན་ཡོད། གང་ལྟར་ང་ཚོའི་བོད་ལ་ཆུང་ཆུང་སྐབས་ནས་གཞུང་རྣམས་ཀྱི་རྩ་བ་བློ་ལ་འཛིན་པ་དང་། འགྲེལ་བ་སོ་སོས་བློས་ལྕོག་ཚོད་ལྟར་ཕར་ཕྱིན་ལ་གསེར་ཕྲེང་དང་། རྣམ་བཤད་སྙིང་རྒྱན། པཎ་ཆེན་བསོད་ནམས་གྲགས་པའི་ཡིག་ཆ་ཁ་གསལ་བོ་ཧ་ཅང་ཡག་པོ་ཡོད། དེ་བཞིན་འཇམ་དབྱངས་བཞད་པའི་ཡིག་ཆ་དང་སེ་ར་ལ་རྗེ་བཙུན་པའི་ཡག་ཆའང་ཧ་ཅང་ཡག་པོ་ཡོད། དེ་ཚང་མར་བལྟ་བཞིན་ཡོད། བོད་དུ་གཞུང་དེ་རྣམས་ཀྱི་རྩ་འགྲེལ་སྦྲགས་མར་བལྟ་བ་ནི་ཧ་ཅང་སྤུས་དག་པོ་དང་། བོད་སྐད་ཀྱི་ནང་དུ་མིང་ཚིག་ཧ་ཅང་འབེལ་བོ་ཡོད་པ་རེད།
ངོས་ཀྱིས་ཕྱི་རྒྱལ་བ་ངོ་ཤེས་ཚོར་ནང་ཆོས་དང་དབུ་ཚད་ཀྱི་སྐོར་བཤད་སྐབས་བོད་སྐད་རང་མ་གཏོགས་མེད། ལེགས་སྦྱར་སྐད་ནི་ནུབ་ཟིན་པ་རེད། རྒྱ་ཡིག་དང་རྒྱ་སྐད་ནི་དེ་ཙམ་ཡར་རྒྱས་ལ་ཕྱིན་མེད། ནུབ་ཕྱོགས་པའི་སྐད་དུ་དེང་སང་གཞི་ནས་དོ་སྣང་སླེབས་པ་མ་གཏོགས་མི་འདུག དེར་བརྟེན། ང་ཚོའི་བོད་ཀྱི་སྐད་ཡིག་ནི་དེང་སང་གི་འཛམ་གླིང་འདིར་ནང་པ་སངས་རྒྱས་པའི་ལྟ་གྲུབ་དང་ཚད་མ་ལ་འགྲེལ་བཤད་རྒྱག་ཆེད་སྐད་ཡག་ཤོས་ཆགས་ཡོད། དེ་སྔ་ཕན་གྱི་ང་ཚོ་བོད་གངས་ཅན་གྱི་ཆོས་རྒྱལ་དང་ལོ་ཙཱ་བ། དེ་ནས་འཕགས་བོད་ཀྱི་མཁས་པ་མང་པོས་གཞུང་གི་རྩ་བ་བློ་ལ་བཟུང་། སོ་སོས་འགྲེལ་བ་གསར་པ་བརྩམས་པ་ནི་ཧ་ཅང་བཀའ་དྲིན་ཆེན་པོ་རེད། འདི་དག་གི་བཀའ་དྲིན་བསམ་ཡོང་དུས་ང་ཚོས་བཀའ་དྲིན་བསབ་འེ་ཐུབ་མི་ཐུབ་བལྟ་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
ཁྱོད་རང་ཚོའི་གསུང་བཤད་ནང་དུ་ཕར་ཕྱིན་ལ་གསེར་ཕྲེང་དང་རྣམ་བཤད་སྙིང་རྒྱན་གྱི་དོན་དག་འགྲེལ་བཤད་སྐྱོན་གྱི་འདུག ཐུག་ས་ནི་གང་ལྟར་སྤྱིར་གྲུབ་མཐའ་སྨྲ་བ་བཞི་དང་། དེའི་ནང་དུ་དབུ་མ་བའི་གྲུབ་མཐའ། དེའི་ནང་ནས་ཀྱང་དབུ་མ་ཐལ་འགྱུར་བའི་གྲུབ་མཐའ་ནི་དངོས་ཡོད་གནས་ཚུལ་དང་མཐུན་པ། ཧ་ཅང་གསལ་བོ་རེད། བདེན་འཛིན་ལ་དངོས་གནས་ཁ་གཏད་གཅོག་མཁན་དབུ་མ་ཐལ་འགྱུར་བའི་ལྟ་བ་ཆགས་འདུག དེར་བརྟེན། དབུ་མ་འཇུག་པའི་ནང་དུ་ཨུ་ཐུག་པའི་བཀའ་མོལ་ལྟ་བུ་རེད། དེ་ཉིད་བཤད་ཟིན་ཟབ་མོ་འཇིགས་རུང་འདི་ནི་སྔོན་གོམས་ཉིད་ལས་སྐྱེ་བོ་ཡིས།། ངེས་པར་རྟོགས་འགྱུར་འདི་ནི་གསན་རྒྱ་ཆེ་ཡང་གཞན་གྱིས་ཐུགས་སུ་ཆུད་མི་འགྱུར།། ཞེས་གསུངས་ཡོད། སློབ་དཔོན་དབྱིག་གཉེན་དང་ཕྱོགས་ཀྱི་གླང་པོ། ཆོས་གྲགས་སོགས་གཞུང་མང་པོར་གཟིགས་ནས་གཟན་རྒྱ་ཧ་ཅང་ཆེན་པོ་ཡོད་ཀྱང་། མིང་རྐྱང་བཏགས་ཡོད་ཙམ་དེ་ཐུགས་ལ་ཆུད་ཀྱི་ཡོད་པ་མ་རེད་ཅེས་གསུངས་འདུག
དཔེ་ཆར་བལྟས་པའི་དགོས་དོན་སྙིང་པོ་ནི་བསླབ་པ་གསུམ་གྱི་ཉམས་ལེན་དང་། དེའི་ནང་ཚན་ཤེས་རབ་ཀྱི་བསླབ་པ་རྒྱུད་ལ་སྐྱེས་ནས་བདེན་འཛིན་ལ་གཉེན་པོ་བསྟེན་ཐུབ་པ་ཞིག་དགོས། ཕར་ཕྱིན་གྱི་གཞུང་རྣམས་ལ་བལྟས་ནས་བྱང་ཆུབ་སེམས་རྒྱ་ཆེ་བའི་ལམ་གྱི་རིམ་པ་དང་། དབུ་མའི་གཞུང་རྣམས་ལ་བལྟས་ནས་ཟབ་མོའི་ལམ་གྱི་རིམ་པ་རྣམས་ལ་ཉིན་རེ་བཞིན་དུ་བསམ་བློ་གཏོང་རྒྱུ་ཡོད་པ་ཞིག་དགོས། དབུ་མ་འཇུག་པའི་སེམས་བསྐྱེད་པ་དྲུག་པ་ལས། དེ་ལྟར་བློ་གྲོས་ཟེར་གྱིས་སྣང་བ་གསལ་བྱས་པའི།། རང་གི་ལག་ན་གནས་པའི་སྐྱུ་རུ་ར་བཞིན་དུ།། སྲིད་གསུམ་འདི་དག་མ་ལུས་གདོད་ནས་སྐྱེ་མེད་པར།། རྟོགས་ཏེ་ཐ་སྙད་བདེན་པའི་སྟོབས་ཀྱིས་འགོག་པར་འགྲོ།། ཅེས་པ་འདི་རེད། རྟག་ཏུ་འགོག་པར་གཏོགས་པའི་སེམས་ལྡན་ཡིན་མོད་ཀྱི།། འགྲོ་བ་མགོན་མེད་པ་ལ་སྙིང་རྗེའང་སྐྱེད་པར་བྱེད།། དེ་གོང་བདེ་གཤེགས་གསུང་སྐྱེས་སངས་རྒྱས་འབྲིང་བཅས་ནི།། མ་ལུས་པ་རྣམས་བློ་ཡིས་ཕམ་པར་བྱེད་པའང་ཡིན།། ཞེས་དང་། རྗེས་ལ་སྡོམ་བརྒྱབ་ཡོང་སྐབས། ཀུན་རྫོབ་དེ་ཉིད་གཤོག་ཡངས་དཀར་པོ་རྒྱས་གྱུར་པ།། ངང་པའི་རྒྱལ་པོ་དེ་ནི་སྐྱེ་བོའི་ངང་པ་ཡི།། བདུན་དུ་བདར་ནས་དགེ་བའི་རླུང་གི་ཤུགས་སྟོབས་ཀྱིས།། རྒྱལ་བའི་ཡོན་ཏན་རྒྱ་མཚོའི་ཕ་རོལ་མཆོག་ཏུ་འགྲོ། ཞེས་གསུངས་པ་ལྟར། ངོས་ཀྱིས་ཀྱང་ཨུ་ཚུགས་རྒྱག་བཞིན་ཡོད། ང་ཚོས་ཤེས་རབ་སྙིང་པོ་འདོན་པའི་སྐབས་སུ། ག་ཏེ་ག་ཏེ་པཱ་ར་ག་ཏེ། པཱ་ར་སཾ་ག་ཏེ། བོ་དྷི་སྭཱ་ཧཱ། ཞེས་པ་ཁ་ཡོད་ལག་ཡོད་ཀྱིས་ཟབ་པ་དང་རྒྱ་ཆེ་བའི་ལམ་གྱི་རིམ་པ་ལ་བསམ་བློ་བཏང་ནས་བློ་ལ་འགྱུར་བ་འགྲོ་བ་ཞིག་རེད།
ཆོས་གྲོགས་རྣམ་པ་ཚོར་ངོས་ཀྱིས་འདི་ཞུ་འདོད་བྱུང་། དཔྱད་པ་རྐྱང་པ་མ་ཡིན་པར་རྒྱུད་ཐོག་ལ་ཡོང་ཆེད་ཟླ་སྐྱེད་དང་ཞག་སྐྱེད་ཐོན་པ་ཅུང་ཙམ་ཁག་པོ་ཡིན་ཀྱང་། ལོ་གཅིག་གི་ནང་དུ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བའི་ཉམས་མྱོང་ཡར་རྒྱས་འགྲོ་ཐུབ་པ་བྱུང་ན་ཀླུ་སྒྲུབ་ཡབ་སྲས་ཀྱིས་མཚོན་པའི་མཁས་པའི་དབང་པོ་རྣམས་ཀྱིས་གཞུང་བརྩམས་པའི་དགོས་དོན་ཚང་བ་རེད། བོད་གངས་ཅན་གྱི་ལྗོངས་སུ་འགྲེལ་བ་ཡང་འགྲེལ་མང་པོ་ཞིག་ཡོད་པ་དེ་རྣམས་ཀྱི་དགོས་དོན་ཚང་བ་རེད། ཁ་ཕྱིར་ལྟོས་བྱས་པ་ལྟར་དཔེ་ཆ་འདིའི་ནང་དུ་འདི་འདུག དེའི་ནང་དུ་དེ་འདུག་ལྟ་བུ་ནི་ངོ་མཚར་སླེབས་པ་གང་ཡང་མི་འདུག དེར་བརྟེན། ཁྱོད་ཚོ་ཚང་མས་རྒྱུད་ཐོག་ལ་སྦྱར་ནས་སོ་སོས་སོ་སོར་ལོ་རེ་བཞིན་བསམ་བློ་བཏང་ནས་འགྱུར་བ་ག་རེ་འགྲོ་གི་འདུག དེ་ཞུ་འདོད་བྱུང་། ངོས་ཀྱིས་ཚིག་སྐམ་པོ་དང་ཧམ་པ་བཤད་པ་མིན་། ངོས་རང་གིས་ཉིན་རེ་བཞིན་དུ་དེ་དག་ལ་བསམ་བློ་གཏོང་གི་ཡོད། དེས་ཏན་ཏན་འགྱུར་བ་འགྲོ་གི་འདུག འདི་ཆོས་གྲོགས་ཚོར་ཞུ་འདོད་བྱུང་།
ཐོག་མར་ང་ཚོ་རྒྱ་གར་ལ་ཡོང་བའི་སྐབས་སུ་དཔལ་ལྡན་ནེ་རོ་ལ་ང་ཚོར་བོད་སྐད་གཞི་རྟེན་ས་བོད་ཡིག་ཡོད་པ་རེད། ང་ཚོར་བོད་ཡིག་བསླབ་རྒྱུ་ཡོད་པའི་སློབ་གྲྭ་ཟུར་དུ་དགོས་ཀྱི་འདུག་ཅེས་ཞུས་པར་ཁོང་གིས་འགྲིག་གི་འདུག་ཅེས་བོད་ཀྱི་སློབ་གྲྭ་ཟུར་དུ་ཚུགས་པ་རེད། དེ་ནས་རིམ་བཞིན་སྦག་ས་ཆོས་སྒར་ཚུགས་པ་རེད། དེ་ནི་འཕྲལ་སེལ་ཙམ་རེད། རིམ་བཞིན་ལྷོ་ཕྱོགས་གཞིས་ཆགས་རྒྱ་ཆེན་པོར་ཆགས་ཡོང་དུས་གཞིས་ཆགས་ཁག་ཏུ་གདན་ས་ཚོར་སློབ་གཉེར་གནང་ས་ཡོད་པ་ཞིག་ཚུགས་ན་ཞེས་ད་ཆ་ཁྱོད་རང་ཚོས་ཕར་ཕྱིན་སོགས་ལ་འགྲེལ་བཤད་རྒྱག་པའི་གོ་སྐབས་ཡོད་པ་འདི་ང་ཚོ་རྒྱ་གར་ལ་བསྡད། གདན་ས་ཁག་ཚུགས་ནས་སློབ་གཉེར་རྒྱག་རྒྱུ་ཡོད་པ་དེས་བྱུང་བ་རེད། ད་ལྟའི་བར་དུ་ངོས་ཀྱི་མི་རབས་འདིས་གཞི་མ་ལྟ་བུ་ཚུགས་ནས་ཡོད་པ་འདི་ཁྱོད་ཚོ་མི་རབས་གསར་པ་ཚོས་འཕྲོ་བསྐྱང་ནས་མ་ཚང་བ་ག་རེ་འདུག མུ་མཐུད་ནས་ཡར་རྒྱས་འགྲོ་ཆེད་གང་བྱེད་དགོས་པར་བསམ་བློ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་བཀའ་སློབ་སྩལ་བ་དང་།
དེ་རྗེས་མུ་མཐུད་སྒོ་མང་དཔེ་ཁྲིད་རྒན་དགེ་བཤེས་འཇམ་དབྱངས་དགེ་འདུན་གྱིས་དབུ་མའི་ནང་དོན་ཐོག་གསུང་བཤད་དང་དྲི་བ་དྲིས་ལན། དེ་རྗེས་རྭ་སྟོད་མཁན་རིན་པོ་ཆེས་སྟངས་འཛིན་འོག་སེར་བྱེས་དཔེ་ཁྲིད་རྒན་དགེ་བཤེས་ངག་དབང་ཐོགས་མེད་ལགས་ཀྱིས་འདུལ་བའི་ནང་དོན་ཐོག་དཔྱད་རྩོམ་འགྲེལ་བཤད་དང་དྲི་བ་དྲིས་ལན། རྒྱུད་སྟོད་དཔེ་ཁྲིད་རྒན་དགེ་བཤེས་མཁས་གྲུབ་ནོར་བཟང་གིས་གསང་སྔགས་ཀྱི་ཐོག་གསུང་བཤད་དང་དྲི་བ་དྲིས་ཀྱིས་བགྲོ་གླེང་གནང་བ་དང་། མཐར་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་སྐྱབས་རྗེ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཀའ་དྲིན་ཆེ་ཞུས་ཏེ་མཇུག་བསྡོམས་གསུང་བཤད་གནང་ཡོད་པ་བཅས།།