༄༅། །ཕྱི་ལོ་༢༠༢༢ ཟླ་ ༡༢ ཚེས་ ༢༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་དུས་དབང་གསུང་ཆོས་ར་བར་ཝེ་དུ་ནམ་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་སྐྱ་སེར་ཕོ་མོ་དྲུག་བརྒྱ་ལྷག་ལ་མཇལ་ཁ་དང་། དྲི་བ་ཁག་ཅིག་ལ་བཀའ་ལན་སྩལ་ཡོད་པ་རེད།
དེ་ཡང་ཞོགས་པ་ཆུ་ཚོད་༨།༠༠ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགའ་ལྡན་འཕེལ་རྒྱས་གླིང་ནས་ཀོར་ཧྥུ་རླངས་འཁོར་ལ་(Golf cart) བཞུགས་སྟེ་དུས་དབང་གསུང་ཆོས་ར་བར་ཆིབས་བསྒྱུར་བསྐྱངས་པ་དང་། སྐབས་དེར་ཝེ་ནམ་གྱི་དད་ལྡན་སེར་སྐྱ་མི་མང་གིས་ཕེབས་བསུ་དང་བཅས་གསུང་ཆོས་ར་བའི་སྡིངས་ཆའི་༸ཞབས་སྟེགས་སུ་འཁོད་མཚམས་བཀའ་སློབ་སྩལ་དོན། གནས་མཆོག་རྡོ་རྗེ་གདན་ནི་སྟོན་པ་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་སའི་གནས་དམིགས་བསལ་ཅན་ཞིག་ཆགས་ཡོད། དེ་ལྟ་བུའི་སྟོན་པ་རང་ཉིད་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་འདིར་སྟོན་པའི་རྗེས་འབྲང་གིས་འདས་པའི་ལོ་སྟོང་ཕྲག་གི་རིང་ལ་གནས་སྐོར་བྱས་ཏེ། སྟོན་པ་ལ་སྐྱབས་སུ་སོང་བའི་ཐོག་ནས་སྟོན་པའི་བྱིན་རླབས་རང་གི་རྒྱུད་དུ་འཇུག་པར་འབད་བརྩོན་བྱེད་བཞིན་ཡོད། སྟོན་པ་བཅོམ་ལྡན་འདས་ཐོག་མ་སྐུ་འཁྲུངས་པའི་སྐབས་སུ་སངས་རྒྱས་པའི་མཛད་པ་མཛད་ཡོད་པ་མ་རེད། ཅེས་དང་།
སྟོན་པ་བཅོམ་ལྡན་འདས་སངས་རྒྱས་པའི་སྐབས་ནས་གཞན་དོན་མཛད་པར་ཐུགས་བསྐྱེད་པ་དང་། གཞན་དོན་མཛད་སྟངས་ཀྱང་གཞན་ལ་ལྟོ་གོས་སྦྱིན་པ་ཙམ་མ་ཡིན་པར་སེམས་ཀྱི་སྡུག་བསྔལ་སེལ་བའི་ཆེད་དུ་རེད། སེམས་ཀྱི་སྡུག་བསྔལ་སེལ་བ་ནི་འཕྲལ་སེལ་གྱི་དངངས་སྐྲག་དང་ང་རྒྱལ། ཁོང་ཁྲོ་ཙམ་སེལ་སྟངས་ཙམ་མ་ཡིན་པར་སེམས་མ་དུལ་བར་བྱེད་པའི་རྩ་བ་ཉོན་མོངས་ཀྱིས་བྱེད་ཀྱི་ཡོད་པ་ངོས་འཛིན་གནང་བ་རེད། བཅོམ་ལྡན་རྒྱ་གར་ལ་བྱོན་པའི་སྐབས་ནས་རྒྱ་གར་གྱི་མུ་སྟེགས་པ་ཚོས་སེམས་ཀྱི་ཉོན་མོངས་ཟེར་བ་ཞིག་བཤད་ཀྱི་ཡོད་ཀྱང་། སོ་སོ་གཙང་མ་བཟོ་བའི་དམིགས་ཡུལ་བཞག་ནས་ཨ་དུ་མ་ཡ་ཟེར་བའི་ང་དེ་དང་། སྤྱིར་བཏང་གི་ཕུང་བོ་ལྔ་ལ་རྟེན་ནས་བཏགས་པའི་ང་ལ་དབྱེ་བ་ཕྱེས་པ་རེད། གང་ལྟར་བཅོམ་ལྡན་འདས་ཀྱིས་མུ་སྟེགས་པའི་གཞུང་ལུགས་ནང་རྟག་གཅིག་རང་དབང་བའི་བདག་ཟེར་བའི་བསམ་བློ་གཏོང་བ་དེ་ནི་ནོར་འཁྲུལ་རེད་ཅེས་དེ་ལྟ་བུའི་ཐོག་ནས་བདག་མེད་པའི་ལྟ་བའི་ཐོག་ལ་འཕྲོས་ཡོད་པ་ཞིག་རེད། བཅོམ་ལྡན་འདས་ནི། ནཻ་རཉྫ་ནའི་ཆུ་འགྲམ་དུ།། མི་གཡོའི་ཏིང་འཛིན་ལ་བཞུགས་ལ།། དེ་ཚེ་རྒྱལ་བས་མཁའ་རྡོ་རྗེ།། ཏིལ་གྱི་གང་བུའི་གང་བཞིན་བཞུགས།། ཞེས་གསུངས་པ་ལྟར་སྐྱབས་གནས་རྣམས་ཀྱི་ཞལ་གཟིགས་ཤིང་། གསུང་གི་བྱིན་རླབས་བྱུང་ནས་ཕུང་བོ་ལྔ་ནི་རྟེན་ནས་བཏགས་པའི་ང་ཙམ་མ་གཏོགས་ཕུང་བོ་ལས་དོན་གཞན་པའི་བདག་ཡོད་པ་མ་རེད་ཅེས་གསུངས་པ་རེད། དེར་བརྟེན། བདག་མེད་པའི་ལྟ་བ་ནི་ཧ་ཅང་གནད་འགག་ཆེན་པོ་རེད། རྩ་བ་ཉིད་ནས་བདག་ཡོད་པ་མ་རེད་ཅེས་ཟེར་གྱི་ཡོད་པ་མ་རེད། བདག་ཡོད་ཀྱང་ང་ཚོའི་བློ་ལ་སྣང་བ་ནང་བཞིན་ཕུང་བོ་ལ་བདག་པོ་རྒྱག་མཁན་གྱི་ང་ཟེར་བ་ཞིག་ཕུང་བོ་ལས་དོན་གཞན་དུ་ཡོད་པ་ལྟར་སྣང་བ་དེ་ཡོད་པ་མ་རེད་ཅེས་གསུངས་པ་རེད།
བཅོམ་ལྡན་འདས་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས།། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟགས་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན།། ཞེས་གསུངས་པའི་བཀའ་འདིས་བཅོམ་ལྡན་འདས་རྩ་ཆེན་པོ་རེད་ཅེས་བརྩི་བཀུར་བྱེད་པ་གཅིག་པུ་མིན་པར་བཅོམ་ལྡན་འདས་ཀྱིས་གསུངས་པའི་བཀའ་ལ་བརྟག་དཔྱད་བྱེད་པ་དང་། ང་ཚོའི་བློ་ལ་རྟག་གཅིག་རང་དབང་བའི་བདག་ཟེར་བ་ཞིག་ཤུགས་ཆེན་པོར་ཡོང་གི་ཡོད་པ་དེ་ཡོད་པ་མ་རེད། ཕུང་བོ་ལ་བརྟེན་ནས་བཏགས་ཙམ་གྱི་ང་ཞིག་མ་གཏོགས་ཕུང་བོ་ལས་དོན་གཞན་པའི་ང་ཞིག་མེད་པ་རེད། འདི་དག་བཅོམ་ལྡན་འདས་རང་ཉིད་ཀྱིས་ཀྱང་ཧ་ཅང་ཉམས་ཞིབ་གནང་བ་དང་། བརྟག་དཔྱད་གནང་སྟེ་བདག་མེད་པའི་ལྟ་བའི་ཁྱད་པར་དང་བཅས་ཏེ་སངས་རྒྱས་པའི་ཆོས་གསུངས་པ་རེད། ཐོག་མར་བདེན་བཞིའི་ཆོས་འཁོར་གསུངས་པ་དང་། དེ་ནས་བྱ་རྒོད་ཕུང་བོའི་རིར་བདག་མེད་པའི་ལྟ་བ། གཟུགས་སྟོང་པའོ།། སྟོང་པ་ཉིད་གཟུགས་སོ།། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ།། ཞེས་སོགས་གསུངས་པའི་གཟུགས་སྣང་བ་ལྟར་དུ་གྲུབ་ཡོད་མེད་ལ་བསམ་བློ་བཏང་ན་སྣང་བ་ལྟར་དུ་གྲུབ་མེད་པ་དང་། གང་ལྟར་ངོ་བོ་ཉིད་ཀྱིས་སྟོང་བ་བཅོམ་ལྡན་འདས་ཀྱི་དགོངས་པ་མཐར་ཐུག་རེད། ཅེས་སོགས་སྟོན་པ་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་པའི་སྐོར་དང་། སྟོང་པ་ཉིད་ཀྱི་ལྟ་བའི་སྐོར་ལ་བཀའ་སློབ་ཟབ་རྒྱས་བཀའ་དྲིན་སྩལ་བ་དང་།
གཞན་ཡང་། ངོས་རང་ལ་ཆ་གཞན་ན་ཆོས་ལུགས་ཚང་མར་གུས་བཀུར་བྱེད་བཞིན་ཡོད། ཆོས་ལུགས་ཚང་མས་སེམས་བཟང་པོ་བྱེད་དགོས་པ་དང་། གཞན་ལ་ཕན་འདོགས་དགོས་པ། གནོད་པ་མི་བྱེད་རྒྱུ་གསུང་གི་ཡོད། འཛམ་གླིང་འདིའི་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་དང་། འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་ཆོས་ལུགས་ཚང་མས་སེམས་པ་བཟང་པོ་བྱེད་དགོས་པ་དང། གཞན་ལ་ཕན་འདོགས་དགོས་པ་གསུང་གི་ཡོད། ཁམས་དང་མོས་པ་སྣ་ཚོགས་ཡིན་པས་ཆོས་ལུགས་འདྲ་མི་འདྲ་ཡོང་གི་ཡོད་ཀྱང་བསླབ་བྱའི་སྙིང་པོ་ནི་ཚང་མས་གཞན་ལ་ཕན་འདོགས་པ་དང་། གནོད་པ་མི་བྱེད་པ་གསུངས་པ་ནི་གཅིག་གྱུར་རེད། དེར་བརྟེན། ངོས་ཀྱིས་ཆོས་ལུགས་ཚང་མར་གུས་ཞབས་བྱེད་བཞིན་ཡོད། ནང་པའི་ལྷ་ཁང་ཨ་ཅང་ཅང་རེད། ཡེ་ཤི་ལྷ་ཁང་། ཁ་ཆེའི་ལྷ་ཁང་། ཇོའུ་ལྷ་ཁང་སོགས་ཆོས་ལུགས་འདྲ་མིན་གྱི་ལྷ་ཁང་ནང་དུ་གོ་སྐབས་ཡོད་དུས་འགྲོ་གི་ཡོད། འཛམ་གླིང་འདིར་ཆོས་ལུགས་མི་འདྲ་བ་ཡོད་པ་ཚང་མས་སྙིང་པོ་སེམས་པ་བཟང་པོ་བྱེད་དགོས་པ་གསུངས་ཡོད། དེའི་ཐབས་ལ་ཆོས་ལ་འགལ་བ་བྱེད་མཁན་ལ་ཏོག་ཙམ་རྩུབ་པོ་བྱས་ཏེ། དཔེར་ན། མོ་ཧ་མོ་དིས་རལ་གྲི་འཁྱེར་ནས་ཆོས་ལ་ངོ་རྒོལ་བྱེད་མཁན་ཚོ་ཚར་གཅོད་རྒྱུ་གསུང་གི་ཡོད་པ་རེད། གཙོ་བོ་ཆོས་ཀྱི་དད་པའི་ཐོག་གསུང་གི་འདུག ཅེས་སོགས་ཆོས་ལུགས་མཐུན་འབྲེལ་སྐོར་ལ་བཀའ་སློབ་སྩལ་བ་དང་།
མུ་མཐུད་ཉིན་རེའི་ཉམས་ལེན་དང་སློབ་གཉེར་བྱེད་དགོས་པའི་སྐོར་ལ་བཀའ་སློབ་སྩལ་དོན། དེ་རིང་ང་ཚོ་གནས་ཁྱད་པར་ཅན་རྡོ་རྗེ་གདན་དུ་རུག་རུག་གིས་འཛོམས་ནས་ཁྱོད་ཚོ་ཚང་མས་སྟོན་པ་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་རེད་བསམ་ནས་མིག་ལ་མཆི་མ་འཁྲིགས་པ་དང་། ལུས་ཀྱི་བ་སྤུ་གཡོ་བའི་ཀུན་སློང་བཟང་པོ་འཁྱེར་ནས་ང་ཚོ་འདིར་འཛོམས་པ་རེད། ཁྱོད་ཚོ་ཚང་མས་སྟོན་པ་ཐུགས་རྗེ་ཅན་གྱིས་སེམས་བཟང་པོ་བྱེད་དགོས་པ་དང་། སྟོང་ཉིད་ཀྱི་ལྟ་བ་གསུངས་པ་སེམས་ལ་དྲན་པ་བྱོས། ཉིན་རེ་བཞིན་མི་ཚེ་འདི་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་རྣལ་མ་ཞིག་བྱས་ཏེ་རང་གཞན་ཀུན་ལ་ཕན་ཐོགས་མཁན་ཞིག་བྱེད་ཀྱི་ཡིན་བསམ་པའི་དགོངས་པ་བཞེས་ཤོག ཅེས་དང་།
གཞན་ཡང་། འདིར་སྐབས་སུ་བབ་པ་ཁྱོད་ཚོ་ཝེ་དུ་ནམ་ལ་མཚོན་ན། ཐེག་པ་ཆེན་པོ་དང་ཐེག་པ་ཆུང་ངུ་ཞེས་དབྱེ་འབྱེད་བྱེད་མི་དགོས་པར་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་དང་། སྟོན་པ་བཅོམ་ལྡན་འདས་ཚད་མའི་སྐྱེས་བུར་ཁས་བླངས་ནས་དེའི་རྗེས་སུ་འབྲང་པ་དེ་ལྟར་རེད། ཁྱོད་ཚོ་ཚང་མས་ད་ལྟའི་བར་དུ་ཧུར་ཐག་བྱས་པ་རེད། ད་དུང་ཡང་ཧུར་ཐག་བྱེད་རོགས། ཆོས་ཚང་མས་སྙིང་པོར་གཞན་ཕན་གྱི་སེམས་གསུང་གི་ཡོད། སེམས་བཟང་པོ་བྱེད་པ་ནི་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ཡོད་པ་ཞིག་རེད། བྱམས་བརྩེ་ལ་བསམ་བློ་བཏང་ན་སེམས་ལ་ཞི་བདེ་ཡོང་བ་དང་། བློ་ལྷོད་ཤིག་གེར་འགྲོ་བ་ཞིག་རེད། ཁོང་ཁྲོ་དང་ང་རྒྱལ། ཕྲག་དོག་བཅས་ནི་སེམས་མ་བདེ་བ་ཡོང་རྐྱེན་ཞིག་རེད། གཞན་ཕན་གྱི་སེམས་བཟང་པོ་བྱེད་དགོས་པ་རེད་ཟེར་བ་ནི་དངོས་གནས་ཕན་ཐོགས་ཆེན་པོ་ཡོད་པ་ཞིག་རེད། ཁོང་ཁྲོ་དང་ང་རྒྱལ། ཕྲག་དོག་བཅས་རང་བཞིན་གྱིས་ཤུགས་ཆུང་དུ་གཏོང་བ་དང་། ཐ་ན་ཉིན་ཞག་རེ་རེའི་ནང་དུ་གཉིད་ཀྱང་ཡག་པོ་ཁུགས་ཐུབ་པ་ཞིག་རེད། ཅེས་སོགས་བཀའ་སློབ་སྩལ་རྗེས་དྲི་བ་ཁག་ཅིག་ལ་བཀའ་ལན་སྩལ་བ་དང་། མཐར། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་ཉིན་རེ་བཞིན་དུ་ཤར་སྒོམ་དང་བསམ་བློ་བཏང་བ་ཡིན་ན་དགེ་བའི་བག་ཆགས་ཧ་ཅང་བརྟན་པོར་འགྲོ་གི་རེད། ཆོས་ཚོགས་ཀྱི་ཚོགས་མི་དང་སྐབས་སུ་བབ་པ་ཝེ་ནམ་པ་ཆོས་འཁོར་གསུམ་ཉམས་ལེན་བྱེད་མཁན་ཚོས་འདི་དགོངས་པར་བཅིངས་རོགས། ངོས་ཀྱིས་འདི་སྒོམ་ནས་ཡོང་གི་ཡོད། ང་ཚོ་ཚང་མ་མི་གཅིག་པ་ཡིན་པས་གོམས་ན་ཡོང་གི་ཡོད། ཐོག་མར་ཐོས་བྱུང་གི་ཤེས་རབ་དང་དེ་ནས་བསམ་བྱུང་གི་ཤེས་རབ། དེ་ནས་སྒོམ་བྱུང་གི་ཤེས་རབ་སྐྱེས་པ་ཞིག་ལ་མི་ཞིག་ཡིན་པས་ངོས་ནས་གཞུང་རྣམས་སློབ་དེབ་བྱས་ཏེ་བསམ་བློ་ཡག་པོ་བཏང་ན་ཏན་ཏན་འགྱུར་བ་འགྲོ་རྒྱུ་འདུག དེ་ཁྱེད་རང་ཚོས་སེམས་ལ་ཞོག དཔེ་ཆ་ལ་ཡག་པོ་བལྟ་བ་དང་ཉིན་རེ་བཞིན་སྒོམ་ཡག་པོ་རྒྱོབ། ལོ་གཅིག་གཉིས་རྗེས་སུ་ཕྱིར་མིག་བལྟས་པ་ཡིན་ན་འགྱུར་བ་དགའ་རབ་ཕྱིན་འདུག་བསམ་པ་བྱུང་ན་ཡག་པོ་རེད། ཅེས་བཀའ་སློབ་སྩལ་རྗེས་བཞུགས་སྒར་དགའ་ལྡན་འཕེལ་རྒྱས་གླིང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་བཅས།