༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༢༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྦོལ་ཌར་ས་གནས་ཀྱི་ཀོ་ལོ་ར་ཌོ་གཙུག་ལག་སློབ་ཆེན་གྱི་རི་ནི་ཁི་རཱོན་བདེ་གནས་སློབ་གཉེར་ཁང་(the Renee Crown Wellness Institute at the University of Colorado Boulder)དང་། སེན་ཌི་འེ་གོའི་ཁ་ལོ་རོ་ཌའི་གཙུག་ལག་སློབ་ཆེན་གྱི་བྱམས་བརྩེའི་སློབ་གཉེར་ཁང་(the Compassion Institute at the University of California San Diego)གཉིས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར། དྲ་རྒྱ་བརྒྱུད་སྙིང་རྗེ་དང་ཆེ་མཐོང་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་དྲི་བར་བཀའ་ལན་སྩལ་ཡོད་པ་རེད།
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་གི་གཟིམ་ཆུང་ནས་བཀའ་སློབ་གནང་ཡུལ་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་འཁོད་མཚམས་རྦོལ་ཌར་ས་གནས་ཀྱི་ཀོ་ལོ་ར་ཌོ་གཙུག་ལག་སློབ་ཆེན་གྱི་རིགས་བདག་ཧྥི་ལི་ཕུ་ཌེ་སི་ཏེ་ཧྥ་ (Philip P. Distefano)ལགས་ཀྱིས་དྲ་ལམ་བརྒྱུད་བཀའ་སློབ་བཀའ་དྲིན་སྩལ་རྒྱུ་ཞལ་བཞེས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་སློབ་གྲྭའི་དམིགས་ཡུལ་ནི་བྱམས་བརྩེ་ལྡན་པ་ཞིག་ཡོང་བའི་ཆེད་ཡིན་པ་དང་། དེ་རིང་༸རྒྱལ་བ་རིན་པོ་ཆེ་མཆོག་དང་ལྷན་དུ་བཀའ་མོལ་ཞུ་ཆེད་ཆིབས་བསྒྱུར་བསྐྱངས་པར་སླར་ཡང་བཀའ་དྲིན་ཆེ་ཞུ། འདིར་མཉམ་ཞུགས་ཞུ་མཁན་ཚང་མར་ཡང་ཐུགས་རྗེ་ཆེ་ཞུ། ཕྱི་ལོ་ ༢༠༡༦ ལོར་༸གོང་ས་མཆོག་འདི་ག་གཙུག་ལག་སློབ་གཉེར་ཁང་དུ་ཆིབས་བསྒྱུར་བསྐྱངས་པ་ནས་ཀོ་ལོ་ར་ཌོ་གཙུག་ལག་སློབ་ཆེན་གྱི་རི་ནི་ཁི་རཱོན་བདེ་གནས་སློབ་གཉེར་ཁང་དུ་བྱམས་བརྩེ་དང་འབྲེལ་བའི་སློབ་གཉེར་གྱི་རྩ་བ་བཙུགས་པ་རེད། ཅེས་སོགས་ཕེབས་བསུ་དང་འབྲེལ་གསུང་བཤད་གྲུབ་མཚམས་ཀོ་ལོ་ར་ཌོ་གཙུག་ལག་སློབ་ཆེན་གྱི་རི་ནི་ཁི་རཱོན་བདེ་གནས་སློབ་གཉེར་ཁང་གི་དབུ་འཛིན་སཱོ་ནཱ་ཌེ་མེ་ལྗན་ (Dr.Sona Dimidjian)ལགས་ཀྱིས་༸གོང་ས་མཆོག་དང་སླར་ཡང་བཀའ་མོལ་ཞུ་བའི་གོ་སྐབས་བྱུང་བར་ཐུགས་རྗེ་ཆེ། སྔོན་མར་སེམས་དང་སྲོག་གི་ཚོགས་འདུ་ཐེངས་ཁ་ཤས་ལ་ང་རང་གིས་གནད་དོན་ཁ་ཤས་ཐོག་ཞུ་རྒྱུའི་གོ་སྐབས་བྱུང་ཡོད། དེ་རིང་འདིར་རི་ནི་ཁི་རཱོན་བདེ་གནས་སློབ་གཉེར་ཁང་དང་། ཁ་ལོ་རོ་ཌའི་གཙུག་ལག་སློབ་ཆེན་གྱི་བྱམས་བརྩེའི་སློབ་གཉེར་ཁང་གཉིས་ཟུང་འབྲེལ་གྱིས་གོ་སྒྲིག་ཞུས་པའི་བརྗོད་གཞི་བྱམས་བརྩེ་དང་མིའི་ཆེ་མཐོང་གི་སྐོར་ལ་བཀའ་མོལ་ཞུ་རྒྱུ་ཡིན། ཞེས་སོགས་བགྲོ་གླེང་དབུ་འཛུགས་ཀྱི་གསུང་བཤད་གྲུབ་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།
དེ་རིང་འདིར་ཁྱོད་ཚོ་དང་མཉམ་དུ་བཀའ་མོལ་ཞུ་རྒྱུའི་གོ་སྐབས་བྱུང་བ་ནི་གཟི་བརྗིད་ཆེན་པོར་བརྩི་བཞིིན་ཡོད། བཀའ་མོལ་དེ་ཡང་ནང་སེམས་ཀྱི་སྐོར་ལ་རེད། ངོས་ཀྱི་བསམ་པ་ལ་འགྲོ་བ་མི་སྤྱི་དང་རྒྱ་ཆེ་ས་ནས་སྲོག་ལྡན་གྱི་སེམས་ཅན་གང་འདྲ་ཞིག་ཡིན་ནའང་ཞི་བདེ་བག་ཕེབས་ཤིག་དགོས་པ་དང་། ཐ་ན་ལྗོན་ཤིང་སོགས་སྐྱེ་ལྡན་རྣམས་ཀྱང་གནོད་པ་མེད་པ་ཡིན་ན་དེ་དང་རྗེས་སུ་མཐུན་པའི་འཚར་ལོངས་ཡོང་བའི་དགོས་པ་རྒྱུ་མཚན་ཆེན་པོ་ཡོད། སྔོན་མ་རཱ་ཤི་ཡའི་མཁས་པ་ཞིག་ཡིན་པ་ཡོད། གསལ་བོ་དྲན་གྱི་མི་འདུག ཁོང་གིས་མེ་ཏོག་གཉིས་མཉམ་དུ་བཞག་སྟེ། མེ་ཏོག་གཅིག་ལ་ཉིན་རྒྱུན་གཤེ་གཤེ་གཏོང་བ་དང་། གཞན་པ་དེར་སྐད་ཆ་སྙན་པོ་བཤད་དེ་མཐར་གྲུབ་འབྲས་ལ་བལྟས་ན་འཚར་ལོངས་ལ་ཁྱད་པར་ཆེན་པོ་འདུག་ཅེས་སྔོན་ཚོགས་འདུ་ཞིག་གི་སྐབས་སུ་གསུང་མཁན་ཞིག་བྱུང་སོང་། དཔེར་ན། མེ་ཏོག་ལྟ་བུ་ཞིག་ཡིན་ནའང་ཉི་འོད་དང་ཆུ་ལུད་སོགས་མཐུན་རྐྱེན་སྦྱར་ཚེ་ཡག་པོ་སྐྱེས་ཡོང་གི་ཡོད། དེ་དག་འཐུས་ཤོར་བཏང་བ་ཡིན་ན་ཤི་གི་ཡོད། དེའི་མཚོན་པའི་ས་ཡི་གོ་ལ་ལ་བརྟེན་པའི་སྲོག་ལྡན་སེམས་ཅན་གང་འདྲ་ཞིག་ཡོད་པ་ཡིན་ནའང་སྲོག་འཚོ་དགོས་པ་དང་། དེ་ལ་ཞི་བདེ་ནི་ངེས་པར་དུ་དགོས་མཁོ་ཆགས་ཡོད།
སྤྱིར་སེམས་ཅན་སྤྱི་དང་ལྷག་པར་དུ་འགྲོ་བ་མི་རྣམས་ལ་མཚོན་ན་སྐྱེས་ཙམ་ཉིད་ནས་མ་ཡི་བྱམས་བརྩེས་བསྐྱངས་པ་ཞིག་ཆགས་ཡོད། མ་ཡི་བྱམས་བརྩེ་ནི་སེམས་ཅན་རྣམས་འཚོ་བའི་ཆ་རྐྱེན་གཙོ་བོ་ཞིག་ཆགས་ཡོད། གལ་སྲིད་སྐྱེས་པའི་ཉིན་དེ་ནས་བཟུང་མ་ཡིས་ཕྲུ་གུ་ལ་བྱམས་བརྩེ་མེད་པར་ཡལ་བར་དོར་བ་ཡིན་ན་ཕལ་ཆེར་སྲོག་འཚོ་ཐུབ་པའི་རེ་བ་མེད། དེར་བརྟེན། འགྲོ་བ་མི་ཡིས་མཚོན་པའི་སེམས་ཅན་ཡོངས་ལ་མ་ཡི་བྱམས་བརྩེ་ནི་སྲོག་འཚོ་བའི་དགོས་མཁོ་གཙོ་བོ་ཞིག་ཆགས་ཡོད། མ་དང་ཕྲུ་གུའི་བར་ལ་བྱམས་བརྩེ་ཡག་པོ་ཞིག་ཡོད་པ་དང་། ནང་མི་ཕན་ཚུན་བྱམས་བརྩེ་ཡག་པོ་ཡོད་པ། རང་གནས་སའི་ཁོར་ཡུག་ནང་བྱམས་སྙིང་རྗེའི་ཚོར་བ་ཡག་པོ་ཡོད་པ་ཡིན་ན་དེའི་ནང་ཡོད་པའི་མི་ཆ་ཚང་བདེ་ཞིང་སྐྱིད་པ་ཡོང་གི་རེད། འཛམ་གླིང་གི་འདས་པའི་ལོ་རྒྱུས་ནང་དུ་ཕན་ཚུན་གསོད་རེས་མང་པོ་བྱུང་ཡོད་པ་ནི་བྱམས་བརྩེས་ཕོངས་པའི་སྡང་སེམས་དང་འཁོན་འཛིན། ཁོང་ཁྲོ་བཅས་ཀྱི་དབང་གིས་བྱུང་ཡོད།
ཁོང་ཁྲོ་ལ་ཆོས་རབ་ཏུ་རྣམ་འབྱེད་ཀྱིས་དཔྱད་པ་ཡིན་ན་མིག་རྒྱང་ཐུང་དྲགས་པའི་དབང་གིས་ཁོང་ཁྲོ་ལངས་བཞིན་ཡོད། ཁོང་ཁྲོ་ཡོད་པ་ཡིན་ན་དེའི་དབང་གིས་གཞན་ལ་འཚེ་བའི་སྤྱོད་པ་ལུས་ངག་ལ་ཐོན་ཡོང་གི་ཡོད། འཛམ་གླིང་གི་ས་ཆ་གང་ལ་མཚོན་ནའང་དེང་སང་ཞི་བདེ་བག་ཕེབས་བཟོ་བཞིན་པ་ནི་མངོན་གསལ་དོད་པོ་རེད། དེ་ནི་ཆ་ཚང་ལ་དགོས་ཀྱི་ཡོད། དེ་ནི་སྐད་ཆ་འདྲ་ཆགས་པོ་ཙམ་མ་ཡིན་པར་འཚོ་བའི་རྨང་གཞི་ཆགས་ཡོད། དེར་བརྟེན། འཛམ་གླིང་ཞི་བདེ་དང་ལྡན་པ་ཡོང་བ་ལ་བསམ་བློའི་འགྱུར་ལྡོག་གི་ཐོག་ལ་དོ་སྣང་བྱེད་རྒྱུ་ཧ་ཅང་གལ་ཆེ། སེམས་ལ་ཞི་བདེ་ཡོད་ན་གོ་མཚོན་སོ་སོའི་མདུན་ལ་བཞག་པ་ཡིན་ནའང་བེད་སྤྱོད་བྱེད་ཀྱི་མ་རེད། མཐར་གཏུགས་ན་ཞི་བདེ་ཡོང་བ་ལ་སེམས་ཀྱི་ཞི་བདེ་རྩ་བ་ཡིན་པ་དང་། སེམས་ཀྱི་ཞི་བདེ་ཡོང་བའི་རྩ་བ་ནི་བྱམས་སྙིང་རྗེ་ཆགས་ཡོད། ངོས་རང་ལ་ཆ་མཚོན་ན་ཞོགས་པ་གཉིད་ལས་སད་མ་ཐག་བྱམས་སྙིང་སྐོར་ལ་བསམ་བློ་གཏོང་བཞིན་ཡོད་པ་དང་། དེའི་དབང་གིས་རང་སེམས་ཞི་བདེ་དང་ལྡན་པའི་གྲུབ་འབྲས་ཕུན་སུམ་ཚོགས་པ་ཡོང་གི་འདུག
ཞི་བདེ་ནི་ཕྱི་རུ་འགལ་རྐྱེན་བཟོ་མཁན་མེད་པ་ལ་བརྟེན་ནས་བྱུང་བ་ཙམ་མ་ཡིན་པར་ཕྱི་རྐྱེན་གྲ་མི་འགྲིག་པ་ཡོད་པ་ཡིན་ནའང་། ནང་སེམས་ལ་བྱམས་སྙིང་རྗེའི་ཉམས་ལེན་བྱས་པ་ཡིན་ན་སེམས་ཀྱི་ཞི་བདེ་མ་འཁྲུགས་པར་སྡོད་ཐུབ། ནང་སེམས་ཀྱི་ཞི་བདེ་ཞེས་པ་ནི་ཆོས་ཕྱོགས་ཀྱི་སྐད་ཆ་གཅིག་པུ་མ་ཡིན་པར་དེ་ནི་འགྲོ་བ་མི་འཚོ་བའི་གཞི་རྟེན་ཆགས་ཡོད། མི་སྒེར་ཞིག་ལ་ཆ་བཞག་ན་བྱམས་སྙིང་རྗེ་དང་ལྡན་པ་ཞིག་ཡིན་ན་རང་བཞིན་གྱིས་ལྷོད་ལྷོད་དང་ཞི་བདེ་དང་ལྡན་པ་ཡོང་གི་རེད། རྒྱུན་ལྡན་དུ་མི་མང་པོ་ཞིག་གིས་བྱམས་སྙིང་རྗེ་ཟེར་དུས་ཆོས་ཕྱོགས་ཀྱི་བསླབ་བྱ་ཞིག་ཡིན་པར་དྲན་གྱི་ཡོད། དེ་མ་ཡིན་པར་བྱམས་སྙིང་རྗེ་ནི་རང་ཉིད་འཚོ་བའི་ཆེད་དང་། མི་ཚེ་དོན་དང་ལྡན་པ་དང་བདེ་སྐྱིད་ལྡན་པའི་ཆེད་དུ་དགོས་མཁོ་ཞིག་ཆགས་ཡོད། ངོས་རང་གི་མི་ཚེའི་ཉམས་མྱོང་གི་ཐོག་ནས་ཞུས་པ་ཡིན་ན་མི་ཚེ་འདིར་དཀའ་ངལ་རུ་འཛིང་བ་མང་པོ་བྱུང་ཡོད། དེ་ལྟ་བུའི་དཀའ་ངལ་མྱོང་བཞིན་པའི་སྐབས་སུ་བྱམས་སྙིང་རྗེའི་ཉམས་ལེན་དང་མ་བྲལ་བ་དང་། ལྷག་པར་དུ་རང་ལ་གནོད་པ་བྱེད་མཁན་ལ་ཡང་གཉེན་གྱི་འདུ་ཤེས་ཐོག་ནས་འདོད་མི་འདོད་གང་ཡིན་ཡང་གོ་ལ་གཅིག་གི་ནང་ནས་མཉམ་གནས་བྱེད་དགོས་པ་བསམ་བློར་བཅིངས་ནས་བསྡད་པ་ཡིན་པས་ནང་སེམས་ཀྱི་ཞི་བདེ་མ་བརླགས་པར་སྡོད་ཀྱི་འདུག ཅེས་སོགས་བཀའ་སློབ་སྩལ་རྗེས་དྲི་བ་དྲིས་ལན་གནང་ཡོད་པ་བཅས།