༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སིངྒ་པོར་ནང་པའི་ཆོས་ཚོགས་(TBC)གཙོས་ལྷོ་ཤར་ཨེ་ཤ་ཡའི་ནང་པའི་ཆོས་ཚོགས་ཁག་བཅུ་ཡིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་གསུང་ཆོས་དབུ་འཛུགས་དང་། ཆོས་ཞུ་བའི་དྲི་བ་ཁག་ཅིག་ལ་བཀའ་ལན་སྩལ་ཡོད་པ་རེད།
དེ་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་གཟིམ་ཆུང་ནས་གསུང་ཆོས་གནང་ཡུལ་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་འཁོད་མཚམས་ཐའེ་ཡི་དགེ་འདུན་པ་ཞིག་གིས་པཱ་ལིའི་སྐད་དུ་མངྒ་ལ་སུཏྟ་འམ་བཀྲ་ཤིས་པའི་མདོ་གསུང་འདོན་དང་། དེ་རྗེས་ཝེ་དུ་ནམ་གྱི་དགེ་འདུན་པ་བཙུན་མ་ཁག་གཅིག་གིས་རང་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གྲུབ་གནང་བ་དང་། དེ་ནས་སིངྒ་པོར་ནང་པའི་ཆོས་ཚོགས་ཀྱི་ཚོགས་གཙོ་ལྕམ་Ng Wee Nee ལགས་ཀྱིས་འཚམ་འདྲི་དང་འབྲེལ་དྲ་ཐོག་ནས་དེ་རིང་བསྐྱར་དུ་མཇལ་བར་ཐུགས་རྗེ་ཆེ་དང་། དྲ་ཐོག་ནས་ལྷོ་ཤར་ཨེ་ཤ་ཡའི་ནང་པའི་ཆོས་ཚོགས་ཁག་ལ་གསུང་ཆོས་གནང་ཐེངས་གཉིས་པ་ཆགས་ཡོད། དེ་རིང་འདིར་དཔལ་ལྡན་ཟླ་བ་གྲགས་པའི་དབུ་མ་འཇུག་པ་དང་རང་འགྲེལ་ཐོག་གསུང་ཆོས་གནང་གི་ཡོད་པ་དང་། ན་ནིང་འཇུག་པ་དང་འཇུག་པ་རང་འགྲེལ་གྱི་གསུང་ཆོས་སྩལ་བ་བཞིན་ང་ཚོས་རེ་འདུན་ཞུ་བཞིན་ཡོད། དེ་རིང་འདིར་ཐའེ་ལན་གྱི་དགེ་འདུན་པ་ཞིག་གིས་བཀྲ་ཤིས་པའི་མདོ་གསུང་འདོན་དང་། ཝེ་དུ་ནམ་གྱི་དགེ་འདུན་པ་དང་བཙུན་མ་ཁག་གཅིག་གིས་ཤེས་རབ་སྙིང་པོ་གསུངས་པ་རེད། སང་ཉིན་རྒྱ་སྐད་དང་ཨིན་རྡི་ནེ་ཤཱི་ཡིའི་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་ཞུ་རྒྱུ་ཡིན། ཞེས་སོགས་༸གོང་ས་མཆོག་ལ་ཐུགས་རྗེ་ཆེ་དང་། གསུང་ཆོས་ཞུ་མཁན་རྣམས་ལ་འཚམ་འདྲི་ཞུས་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་ཆོས་སྔོན་འགྲོའི་བཀའ་སློབ་སྩལ་དོན།
དེ་རིང་འདིར་ཨེ་ཤ་ཡའི་ནང་པའི་ཆོས་ཚོགས་ཁག་གིས་ནང་ཆོས་ངོ་སྤྲོད་དང་། ཟླ་བ་གྲགས་པ་རང་ཉིད་ཀྱིས་མཛད་པའི་དབུ་མ་འཇུག་པའི་རང་འགྲེལ་གྱི་བཤད་ལུང་གི་རྒྱུན་གཅིག་ངོས་ལ་ཐོབ་ཡོད། དབུ་མ་འཇུག་པ་རྩ་བའི་སྟེང་ནས་ཡོངས་འཛིན་རྡོ་རྗེ་འཆང་སྐུ་མདུན་ནས་ངོས་ལ་ཐོབ་པ་དང་། འཇུག་པ་རང་འགྲེལ་གྱི་ཐོག་ནས་མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་གི་མདུན་ནས་ཐོབ་པ་རེད། དེ་རིང་འདིར་འཇུག་པ་རང་འགྲེལ་གྱི་ཐོག་ནས་འགྲེལ་བཤད་མདོར་བསྡུས་ག་ཚོད་ཚར་ཚར་ཞིག་ཞུ་རྒྱུ་ཡིན།
སྔོན་ལ་སངས་རྒྱས་པའི་ཆོས་ཞེས་པ་ནི་ལོ་ ༢༥༠༠ གོང་ནས་བཅོམ་ལྡན་འདས་ཀྱིས་ཆོས་འཁོར་སྐོར་བ་རེད། བཅོམ་ལྡན་འདས་རང་ཉིད་ཀྱིས་གསུངས་པའི་ཆོས་འདིར་ཁྱོད་རང་ཚོས་ཡིད་ཆེས་བྱས་ནས་དད་པ་དང་ཁས་ལེན་བྱེད་དགོས་པ་མ་རེད། བཅོམ་ལྡན་འདས་ཀྱིས་གསུངས་པའི་བཀའ་ལ་ཞིབ་འཇུག་དང་བརྟག་དཔྱད། རྒྱུ་མཚན་ཡོད་མེད་བསམ་བློ་བཏང་སྟེ་རྒྱུ་མཚན་ལྡན་པ་ཞིག་ཡིན་ན་ཡིད་ཆེས་བྱོས་ཞེས་བཀའ་གནང་ཡོད། བཅོམ་ལྡན་འདས་རང་ཉིད་ཀྱིས།། དགེ་སློང་དག་གམ་མཁས་རྣམས་ཀྱིས།། བསྲེག་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟག་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན།། ཞེས་ཆོས་ལ་དོ་སྣང་ཡོད་པ་ཚོས་གསེར་ལ་བཅད། གཏུབ། བསྲེག་བཅས་བསྲེག་བཅད་བརྡར་གསུམ་བྱས་པ་བཞིན་ཆོས་ལ་བརྟག་དཔྱད་བྱེད་དགོས་པ་རེད། བཅོམ་ལྡན་འདས་རང་གི་གསུང་ལའང་བརྟག་དཔྱད་བྱས་ཏེ། རྒྱུ་མཚན་ལྡན་པར་མཐོང་ནས་བློར་འགྱུར་བ་འགྲོ་གི་ཡོད་ན་ངའི་ཆོས་ལ་ཁས་ལེན་བྱོས་ཞེས་གསུངས་ཡོད། ཕྱིས་སུ་བཅོམ་ལྡན་འདས་ཀྱི་རྗེས་ལ་སྟོན་པའི་གཏད་རབས་བདུན་ཞེས་བྱུང་ཡོད། གང་ལྟར་སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་སྐོར་དམིགས་བསལ་དོ་སྣང་དང་སློབ་སྦྱོང་བྱེད་རྒྱུ་ཡོང་བར་ནཱ་ལེནྡྲ་བཙུགས་ཏེ་བྱུང་བ་རེད།
སྟོན་པ་བཅོམ་ལྡན་འདས་ཞལ་བཞུགས་དུས་ནས་ཤེས་ཡོན་གྱི་བསྟི་གནས་ལྟ་བུའི་ནཱ་ལེནྡྲ་ཕལ་ཆེར་ཡོད་པ་རེད། དེ་ནས་རིམ་བཞིན་ནང་པའི་ལྟ་གྲུབ་སྐོར་སློབ་སྦྱོང་བྱེད་རྒྱུར་དམིགས་བསལ་དོ་སྣང་སྐྱེས་ཏེ། ཕྱིས་སུ་ནཱ་ལེནྡྲ་ནི་དངོས་གནས་དྲང་གནས་སངས་རྒྱས་ཀྱི་ཆོས་སློབ་སྦྱོང་བྱེད་སའི་སློབ་གཉེར་ཁང་རྩེ་ཕུད་ཆགས་པ་རེད། ནཱ་ལེནྡྲ་སློབ་གཉེར་ཁང་ལོ་རྒྱུས་ཐོག་ནས་སྙན་གྲགས་ཆེན་པོ་རེད་ཅེས་བཤད་རྒྱུའི་སླད་མ་ཡིན་པར་ནཱ་ལེནྡྲ་ནས་ཐོན་པའི་མཁས་པའི་དབང་པོ་གང་འདྲ་ཡོད་སྐོར་དང་། མཁས་པ་དེ་དག་གི་ལེགས་བཤད་གང་དག་ཡོད་པ་ལ་ཞིབ་འཇུག་བྱེད་ཡོང་དུས་ནཱ་ལེནྡྲའི་མཁས་པ་རྣམས་ཀྱིས་གཞུང་ཆེན་མོའི་གོ་བ་བླངས་ཏེ་ལྟ་གྲུབ་དང་ཚད་མ་སོགས་ཀྱི་སྐོར་ལ་སློབ་སྦྱོང་ཧ་ཅང་ཤུགས་ཆེན་པོ་བྱས་ཡོད། གོང་དུ་ཞུས་པ་བཞིན། བསྲེག་བཅད་བརྡར་བའི་གསེར་བཞིན་དུ།། ཞེས་པ་ལྟར་སློབ་སྦྱོང་ཧ་ལས་པ་གནང་འདུག ཅེས་སོགས་བཙན་པོ་སྲོང་བཙན་སྒམ་པོའི་སྐབས་སུ་རྒྱ་གར་ནས་དེ་བ་ན་ག་རི་(Devanagari)ཟེར་བའི་ཡི་གེ་དེ་ལས་དཔེར་བླངས་ནས་བོད་ཀྱི་ཀ་མད་སུམ་ཅུ་དང་དབྱངས་བཞི་གཏན་འབེབས་ཀྱིས་རང་གི་ཡི་གེ་གསར་གཏོད་མཛད་པ་དང་། དུས་རབས་བརྒྱད་པའི་ནང་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་མཁན་ཆེན་ཞི་བ་འཚོ་གདན་ཞུས་ཀྱིས་བོད་ལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་བྱུང་བ་ངོ་སྤྲོད་མཛད་པ་དང་།
གཞན་ཡང་། ངོས་རང་ནི་ནང་པའི་དགེ་སློང་ཞིག་རེད། ནཱ་ལེནྡྲའི་མཁས་པའི་དབང་པོ་ཚོའི་རྗེས་འབྲང་ཞིག་ཆགས་ཡོད། དེ་དང་ཆབས་ཅིག་སེམས་ཅན་ཐམས་ཅད་ཟེར་གྱི་ཡོད་མ་གཏོགས་ནང་པ་གཅིག་པུ་ཟེར་གྱི་མེད། ཁ་ཡོད་ལག་ཡོད་དུ་འཛམ་གླིང་འདིར་མི་དུང་ཕྱུར་བདུན་ཅུ་ལྷག་ཡོད་པ་ཚང་མ་མི་གཅིག་མཚུངས་ཡིན་པ་དང་། བསམ་བློ་གཏོང་བའི་ཀླད་པའི་ཆ་རྐྱེན་ཡོད་པ་གཅིག་མཚུངས་རེད། འཛམ་གླིང་འདིར་ཆགས་སྡང་གི་རྐྱེན་གྱིས་རྙོག་དྲ་མང་པོ་ཞིག་དེ་སྔ་ཡང་བྱུང་བ་རེད་ལ་ད་ལྟའང་ཡོང་བཞིན་འདུག དེ་ལ་ཕན་ཐོགས་ཕྲན་བུ་ཡོང་ན་བསམ་ནས་ངོས་ཀྱིས་འབད་བརྩོན་བྱེད་བཞིན་ཡོད། མི་ལ་སྡུག་བསྔལ་ནི་ཞེ་སྡང་གི་དབང་གིས་ཡོང་བཞིན་འདུག ཁོང་ཁྲོ་ཟོས་ཡོང་དུས་སོ་སོ་མ་སྐྱིད་པ་དང་། རོགས་པ་ཡང་མ་སྐྱིད་པ། དབུ་མ་འཇུག་པའི་ནང་དུ་ཁོང་ཁྲོ་ཟ་ཡོང་དུས་གདོང་ཡང་མི་སྡུག་པ་ཆགས་ཡོང་གི་རེད་ཅེས་གསུངས་ཡོད་པ་རེད། དངོས་གནས་རེད། བཟོད་པ་སྒོམ་པ་ཡིན་ན་མི་འཛུམ་ཤིག་ཤིག་དང་ལྷོད་ལྷོད་ཡོང་གི་རེད་ཅེས་ཟླ་བ་གྲགས་པས་གསུངས་ཀྱི་འདུག སེམས་བསྐྱེད་གསུམ་པར། མི་སྡུག་གཟུགས་སུ་བྱེད་ཅིང་དམ་པ་མིན་པར་བཀྲི།། ཚུལ་དང་ཚུལ་མིན་ཤེས་པའི་རྣམ་དཔྱོད་འཕྲོག་བྱེད་ཅིང་།། མི་བཟོད་པ་ཡི་མྱུར་དུ་ངན་འགྲོར་སྐྱུར་བར་བྱེད།། བཟོད་པས་བཤད་ཟིན་དང་འགལ་ཡོན་ཏན་རྣམས་བྱེད་དོ།། བཟོས་པས་མཛེས་ཤིང་སྐྱེ་བོ་དམ་པ་ལ།། ཕངས་དང་ལུགས་དང་ལུགས་མིན་ཤེས་པ་ལ།། མཁས་པར་འགྱུར་ཞིང་དེ་ཡི་འོག་ཏུ་ནི།། ལྷ་མིའི་སྐྱེ་དང་སྡིག་པ་ཟད་པར་འགྱུར།། ཞེས་དངོས་ཡོད་གནས་ཚུལ་ལ་འགྲེལ་བཤད་སྐྱོན་ཡོད།
ང་ཚོ་ཚང་མ་འཛམ་གླིང་འདིར་འཆམ་པོ་ཞིག་དང་། ཕན་ཚུན་ལ་བརྩེ་བ་ཡོད་ན་བདེ་སྐྱིད་ཡོང་གི་རེད། དེར་བརྟེན། བརྩེ་བ་གོང་ནས་གོང་དུ་སྤེལ་བར་དེའི་འགལ་རྐྱེན་ཁོང་ཁྲོ་ལ་གཉེན་པོ་བརྟེན་པ་ཞིག་དགོས། ཆོས་ལུགས་ཚང་མས་བྱམས་བརྩེ་གསུངས་བཞིན་ཡོད་པ་རེད། ཆོས་ལུགས་ཚང་མར་འཛམ་གླིང་འདིར་སེམས་ཀྱི་ཞི་བདེ་སྒྲུབ་པའི་ནུས་པ་དང་ཆ་རྐྱེན་ཏན་ཏན་ཡོད་པ་རེད། དེར་བརྟེན། ངོས་རང་གི་ངོས་ནས་ཆོས་ལུགས་ཚང་མ་མཐུན་པོ་ཞིག་དང་། ཐུན་མོང་གི་ངོས་ནས་སེམས་ཀྱི་ཞི་བདེ་བརྒྱུད་ནས་ཞི་བདེ་སྤེལ་ཐུབ་པ་ཞིག་ལ་འབད་བརྩོན་དང་འབོད་སྐུལ་བྱེད་བཞིན་ཡོད། ཅེས་བཀའ་སློབ་སྩལ་རྗེས་གསུང་ཆོས་དབུ་འཛུགས་དང་། མཐར་དྲི་བ་ཁག་གཅིག་ལ་བཀའ་ལན་སྩལ་རྗེས་ཉིན་དང་པོའི་གསུང་ཆོས་གནང་སྒོ་ལེགས་པར་གྲུབ་ཡོད་པ་བཅས།།