༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༢༧ ཉིན་སྤྱི་ནོར༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་བོད་མི་མང་ཚོགས་ཀྱིས་མང་གཙོའི་ལམ་ནས་བདམས་ཐོན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་དམ་འབུལ་མཛད་སྒོར་དྲ་ལམ་བརྒྱུད་བླང་དོར་བཀའ་སློབ་བཀའ་དྲིན་སྩལ་ཡོད་པ་རེད།
དེ་ཡང་སྔ་དྲོ་ཆུ་ཚོད་༩།༥༥ ཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྲོང་བཙན་ཚོམས་ཆེན་དུ་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་བཅས་བཞུགས་གྲལ་དུ་འཁོད་དེ་ཐོག་མར་གནས་ཆུང་སྒྲ་དབྱངས་གླིང་གི་དགེ་འདུན་པ་བཞི་གྲས་དྲ་ལམ་བརྒྱུད་ཤིས་བརྗོད་གསུང་འདོན་དང་། དེ་རྗེས་རིམ་པར་བདམས་ཐོན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་དམ་འབུལ་དང་། སྲིད་སྐྱོང་གསར་རྙིང་དབར་བཀའ་ཐམ་སྲིད་ཞི་བདེ་སྐྱིད་མ་རྩིས་སྤྲོད་ལེན་གྲུབ་མཚམས་དཔལ་ལྡན་སྲིད་སྐྱོང་གིས་གསོལ་འདེབས་ཞུས་དོན་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ལམ་བརྒྱུད་བཀའ་སློབ་སྩལ་དོན།
དེ་རིང་འདིར་གཙོ་ཆེ་ཤོས་མི་མང་གིས་འོས་འདེམས་བྱས་ནས་ཡར་ཐོན་པའི་སྲིད་སྐྱོང་གསར་པ་དང་། འདས་པའི་ལོ་འགའ་ཤས་རིང་སྲིད་སྐྱོང་ལས་འགན་འཁུར་མཁན་སྲིད་སྐྱོང་ཟུར་པ་ཁྱེད་གཉིས་གཙོ་བོར་གྱུར་པའི་གྲོགས་པོ་ཚང་མར་ཞུ་རྒྱུར། ང་ཚོའི་བོད་ནི་ལོ་རྒྱུས་ལྡན་པའི་མི་རིགས་ཤིག་རེད། དེ་བསུབ་རྒྱུ་མེད་པ་ཞིག་རེད། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་དང་ལྷག་པར་དུ་མངའ་བདག་ཁྲི་རལ་ནས་བཟུང་། རྒྱལ་དབང་སྐུ་ཕྲེང་རིམ་བྱོན་རིང་བོད་པའི་སྒྲིག་འཛུགས་ཤིག་ཡོད་པ་རེད། ལོ་རྒྱུས་ཡུན་རིང་པོ་ཕྱིན་པའི་སྒྲིག་འཛུགས་ཤིག་ཡིན་པས་ང་ཚོ་བཙན་བྱོལ་ལ་འབྱོར་བའི་ལོ་དང་པོའམ་གཉིས་པ་ནས་བཟུང་། རྡོ་རྗེ་གདན་ལ་ཚོགས་འདུ་ཆེན་པོ་ཞིག་འཚོགས་པ་རེད། དེ་དུས་སྤྱི་འཐུས་འཛུགས་དགོས་ཀྱི་འདུག་ཅེས་འབོད་སྐུལ་ཞུས་ཏེ་ཚུགས་པ་རེད། རིམ་གྱིས་ང་ཚོར་སྒྲིག་འཛུགས་ཤིག་ཡོད་པ་དེ་མང་གཙོའི་ལམ་ཁར་འགྲོ་བཞིན་པ་ཞིག་དང་། དེའང་འཁྲབ་པ་ཞིག་མིན་པར་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་མང་གཙོ་ཡང་དག་པ་ཞིག་བྱེད་པའི་ཐོག་ལ་ཕྱིན་པ་རེད། རྒྱ་མི་གུང་ཁྲན་སྦུ་སུག་དོག་པོ་ཚོའི་གྲས་ཀྱིས་ཞིང་བྲན་ལམ་ལུགས་དང་ལུགས་སྲོལ་རྙིང་པའི་ཐོག་ནས་སྐྱོན་བརྗོད་བྱེད་ཀྱི་ཡོད་ཀྱང་། དངོས་ཡོད་གནས་ཚུལ་ལ་བོད་ནང་དུ་རང་དབང་ཡོད་པ་མ་རེད། བཙན་བྱོལ་ལ་ཡོད་པའི་བོད་མི་འབུམ་ལྷག་ཅིག་ཡོད་པ་དེར་རང་དབང་གང་ལ་གང་འཚམ་ཡོད་པས་དེའི་ཐོག་ནས་བཙན་བྱོལ་སྒྲིག་འཛུགས་ཤིག་ཡོད་པ་དང་། དེའང་མང་གཙོའི་ལམ་ཁ་མཐར་ཕྱིན་པ་ཞིག་ལ་ཕྱིན་ཡོད་པ་འདི་ལྟར་རེད།
དེ་རིང་འདིར་སྲིད་སྐྱོང་གསར་པ་དང་སྲིད་སྐྱོང་རྙིང་པ་ཁྱོད་གཉིས་ལ་ཐུགས་རྗེ་ཆེ་དང་བཀྲ་ཤིས་བདེ་ལེགས་ཡོད། ཧུར་ཐག་འབད་ཐག་བྱས་པ་རེད། འབྱུང་འགྱུར་མུ་མཐུད་ནས་ང་ཚོའི་སྒྲིག་འཛུགས་འདིའི་ཐོག་ནས་མང་གཙོའི་ལམ་དང་། དེའང་སངས་རྒྱས་ཆོས་ཀྱི་ལྟ་གྲུབ་དང་འབྲེལ་བ་ཞིག་ནི་ང་ཚོའི་དམིགས་བསལ་དེ་ཆགས་ཡོད། དེར་བརྟེན། གཞི་རྐང་བཅོམ་ལྡན་འདས་ཀྱི་འདུལ་བའི་ཁྲིམས་ཀྱི་འགྲོ་སྟངས་ཤིག་ཡོད་པ་རེད། དེ་ལ་མཁན་པོས་ཐག་བཅད་པ་ཡོད་པ་མ་རེད། གསོལ་བཞིའི་ལས་ཞེས་གསོལ་བ་སྔོན་དུ་བཏང་ནས། བརྗོད་པ་དང་པོ། བརྗོད་པ་གཉིས་པ། བརྗོད་པ་གསུམ་པ་ཞེས་གང་ལྟར་མང་མོས་རང་གི་ཐོག་ནས་ཐག་བཅད་དེ་འདུལ་བའི་འགྲོ་སྟངས་ཤིག་བཅོམ་ལྡན་འདས་ཀྱིས་ལམ་སྟོན་གནང་ཡོད། ང་ཚོའི་ཆབ་སྲིད་ཀྱི་འགྲོ་སྟངས་ཀྱང་དེ་སྔའི་གནས་ཚུལ་དང་ཁ་ཁ་རེད། ངོས་རང་ལ་མཚོན་ན་ཆབ་སྲིད་ཀྱི་ལས་འགན་བཞག་ཏེ། ཆབ་སྲིད་ཀྱི་འགན་དེ་མང་གཙོའི་འོས་བསྡུའི་ཐོག་ནས་ཡར་ཡོང་བ་ཞིག་བཟོས་པ་རེད། ཚང་མས་ཧུར་ཐག་འབད་ཐག་བྱས་ནས་ད་ལྟའི་བར་དུ་ཧ་ཅང་ཡག་པོ་ཡིན། དེ་རིང་འདིར་སྲིད་སྐྱོང་གསར་རྙིང་གཉིས་འཛོམས་པར་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
འབྱུང་འགྱུར་ང་ཚོ་མུ་མཐུད་ནས་འདི་ལྟར་འགྲོ་སྐབས་དུས་ཀྱི་འགྱུར་བ་ཆེན་པོ་འགྲོ་བཞིན་འདུག རྒྱ་ནག་རང་ལ་ཆ་བཞག་ནའང་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད་པ་རེད། ཆེ་ས་ནས་བོད་ཀྱི་དོན་དག་དེ་དབུ་མའི་ལམ་གྱི་སྟེང་ནས་འགྲོ་བཞིན་ཡོད་པ་རེད། དེར་བརྟེན། རྒྱ་མིའི་ངོས་ནས་བསམ་བློ་ཏོག་ཙམ་གུ་ཡངས་པོ་བཏང་བ་ཡིན་ན། ང་ཚོས་འདིར་གཉིས་ཕན་གྱི་འགྲོ་སྟངས་ཤིག་གི་ལམ་སྟོན་བྱས་ཡོད་པ་རེད། བཙན་བྱོལ་ལ་ཡོད་པའི་སྒྲིག་འཛུགས་འདི་འཛམ་བུ་གླིང་གི་སུས་བལྟས་པ་ཡིན་ནའང་། མང་གཙོ་ཡང་དག་ཅིག་གི་སྟེང་འགྲོ་བཞིན་ཡོད་པ་དང་། དེའི་ཐོག་བཙན་བྱོལ་བ་ཉུང་ཤས་ཤིག་ལས་མེད་ཀྱང་བོད་ཀྱི་ཆོས་དང་རིག་གཞུང་ལ་བདག་པོ་བརྒྱབ་ནས་བསྡད་ཡོད་པ་རེད། བོད་ནང་ལ་མཚོན་ན་རྒྱ་མིས་དམ་དྲག་བྱས་ནས་བསྡད་ཡོད། ས་ཆ་ཁུག་ཀྱོག་དེ་འདྲར་དགོན་པ་ཁ་ཤས་ཀྱིས་གང་ཡོང་ཅི་ཡོང་གིས་བདག་པོ་བརྒྱག་པ་དང་སློབ་གཉེར་བྱེད་བཞིན་ཡོད་པ་ལས། སྤྱི་ཡོངས་ཀྱི་ཆ་ནས་དམ་དྲག་ཆེན་པོ་རེད།
འདིར་བཙན་བྱོལ་དུ་ཡོད་པ་ཚོས་སོ་སོའི་གཅེས་ནོར་རིགས་པ་དང་ལྡན་པ། ཚན་རིག་དང་མཐུན་པའི་སངས་རྒྱས་ཀྱི་ཆོས་ཤིག་བདག་པོ་བརྒྱབ་ནས་ཡོད། གདན་ས་ཚོས་ད་ལྟའི་བར་དུ་སློབ་གཉེར་ལ་ཧུར་ཐག་གནང་བ་རེད། དེ་སྔ་ནུབ་ཕྱོགས་རྒྱལ་ཁབ་ནང་ནང་ཆོས་ལ་དམིགས་བསལ་དོ་སྣང་བྱེད་མཁན་ཡོད་པ་མ་རེད། འབྲེལ་བའང་ཡོད་པ་མ་རེད། བོད་ཀྱི་སངས་རྒྱས་པའི་ཆོས་ལ་བླ་མའི་ཆོས་ལུགས་ཞེས་པའི་མིང་ཞིག་བཏགས་ནས་དེའི་སྟེང་འགྲོ་གི་ཡོད། ང་ཚོ་བཙན་བྱོལ་ལ་སླེབས་ནས་རིམ་གྱིས་བདེན་པའི་གནས་ཚུལ་གསལ་པོ་གྱུར་པས། ཤེས་ཡོན་པ་མང་པོས་བོད་ཀྱི་སངས་རྒྱས་པའི་ཆོས་དེ་དཔལ་ནཱ་ལེནྡའི་ཆོས་བརྒྱུད་དྲི་མ་མེད་པ་རེད། རིགས་པ་དང་ལྡན་པ་རེད། རྨོངས་དད་ཀྱི་སྐད་ཆ་གཏན་ནས་མ་རེད་ཅེས་བཤད་ཀྱི་འདུག དེ་ཡི་དཔང་པོ་རུ་འདས་པའི་ལོ་བཅུ་ཕྲག་ཁ་ཤས་རིང་ཚན་རིག་པ་མཉམ་དུ་གོ་བསྡུར་དང་བགྲོ་གླེང་བྱས། གདན་ས་ཚོའི་ནང་དུའང་སློབ་ཚན་ནང་ཚན་རིག་སློབ་སྦྱོང་བྱེད་པ་ཞིག་ཚུགས་ཡོད། དེར་ང་ཚོར་སྤོབས་པ་ཡོད་པ་རེད། ང་ཚོ་རིགས་པའི་སྟེང་ནས་འགྲོ་བ་མ་གཏོགས་རྒྱ་མིས་བཤད་པ་ལྟར་རྨོངས་དད་བྱས་ནས་འགྲོ་བཞིན་ཡོད་པ་མ་རེད།
ང་ཚོ་བཙན་བྱོལ་བ་ཉུང་ཤས་ཤིག་ཡིན་ནའང་གཙོ་བོ་རྒྱ་གར་རང་དབང་ལུང་བ་རེད། བོད་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་རེད། པཎྜི་ཏ་ནེ་རུ་བཞུགས་དུས་ནས་དམིགས་བསལ་གྱིས་ཐུགས་སྣང་གནང་ནས་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན། བོད་ཀྱི་ཆོས་དང་རིག་གཞུང་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ། ཚན་རིག་དང་མཐུན་པ་འདི་ཉིད་རྒྱ་གར་ནང་གཙོ་བོ་གདན་ས་ཚོས་བདག་པོ་བརྒྱབ་ཡོད། སློབ་དཔོན་དབྱིག་གཉེན་གྱིས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ།། ལུང་དང་རྟོགས་པའི་བདག་ཉིད་དོ།། དེ་འཛིན་བྱེད་པ་སྨྲ་བྱེད་དང་།། སྒྲུབ་པར་བྱེད་པ་ཁོ་ན་ཡིན།། ཞེས་གསུངས་པའི་ཁོ་ནའི་སྒྲས་སློབ་གཉེར་བྱེད་པ་དང་། སློབ་གཉེར་བྱས་པ་ལག་ལེན་བྱས་པའི་སྟེང་ནས་འགྲོ་བ་ལས་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཡོད་པ་མ་རེད་ཅེས་གསུངས་པ་ལྟར་རེད། ད་ལྟའི་བར་དུ་ཧུར་ཐག་བྱས་པ་རེད། འབྲེལ་ཡོད་ཚང་མར་གོ་སྐབས་འདི་བཟུང་ནས་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྲིད་སྐྱོང་གསར་པ་ལ་བཀྲ་ཤིས་བདེ་ལེགས་ཞུ། སྲིད་སྐྱོང་རྙིང་པས་ད་ལྟའི་བར་དུ་ཧུར་ཐག་བྱས་པ་རེད། ཐུགས་རྗེ་ཆེ་ཞུ། བཀྲ་ཤིས་བདེ་ལེགས། ཞེས་བཀའ་ཕེབས་ཡོད་པ་བཅས།།