༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སོག་པོའི་དད་ལྡན་མི་མང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་དྲ་ལམ་བརྒྱུད་སོག་རིགས་གཞོན་སྐྱེས་ཚོར་ཚན་རིག་དང་ནང་ཆོས་ཀྱི་སྐོར་ནས་བཀའ་སློབ་དང་དྲི་བ་དྲིས་ལན་གནང་ཡོད་པ་རེད།
དེ་ཡང་ཆུ་ཚོད་ ༩།༠༠ མ་ཟིན་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་རམ་ས་ལའི་ཕོ་བྲང་གཟིམ་ཆུང་ནས་གསུང་ཆོས་གནང་ཡུལ་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་འཁོད་མཚམས་སོག་པོའི་བླ་མའི་དགེ་རྒན་རིན་པོ་ཆེ་མཆོག་གིས་ཚེས་ ༡༡ ཉིན་གྱི་བཀའ་སློབ་དང་། ཚེས་ ༡༢ དང་ ༡༣ ཉིན་གཉིས་རིང་གི་ཆོས་འབྲེལ་གྱི་མཛད་རིམ་གསོལ་འདེབས་ཞུས་པའི་རྒྱུད་རིམ་སོགས་ངོ་སྤྲོད་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཚམ་འདྲི་ཞུས་པ་དང་། དེ་རྗེས་སོག་པོའི་སློབ་ཕྲུག་ཚོགས་པའི་དྲུང་ཆེ་ཡིས་སློབ་ཕྲུག་ཡོངས་ཀྱི་ཚབ་ཞུས་ཏེ་འཚམ་འདྲི་ཞུས་རྗེས་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན།
ང་ཚོས་ཆེན་པོ་ཧོར་གྱི་ཡུལ་ཟེར་བ་རེད། རང་དབང་ལྡན་པའི་ལྷོ་སོག་གཙོ་བོར་བྱས་ཏེ་ཁལ་མིག་དང་བྷོ་རི་ཐི་སོགས་སོག་རིགས་གང་ལ་གང་འཚམ་ཁྱོན་ཆེན་པོ་ཡོད་པ་རེད། དེ་སྔ་ལོ་རྒྱུས་ཀྱི་ཐོག་ནས་བོད་སོག་གཉིས་ཧ་ཅང་འབྲེལ་བ་ཆེན་པོ་རེད། ཁྱོད་ཚོ་ཚང་མར་འཚམ་འདྲི་ཡོད། བཀྲ་ཤིས་བདེ་ལེགས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ངའི་བསྟན་པ་བྱང་ནས་བྱང་དུ་དར་ཡོང་ཞེས་པ་ཞིག་གསུངས་ཡོད། དེར་ང་ཚོས་གོ་བ་ལེན་སྟངས་སུ་རྒྱ་གར་གྱི་བྱང་བོད་དང་བོད་ཀྱི་བྱང་སོག་པོ་རེད། ཅེས་ང་ཚོར་བཤད་རྒྱུན་ཡོད། གང་ལྟར་ཆེན་པོ་ཧོར་གྱི་མི་རིགས་འདི་ལོ་རྒྱུས་ཀྱི་ཐོག་ནས་ནང་པའི་ཆོས་བྱེད་མཁན་དང་། དེ་ཡང་བོད་གངས་ཅན་གྱི་ལྗོངས་ནས་དར་བ་ཞིག་དང་བོད་སོག་གཉིས་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད།
རྗེ་རིན་པོ་ཆེའི་དངོས་སློབ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱིས་ཐུགས་སྨོན་གནང་ནས། དྲིན་ཇི་བཞིན་འཁུར་བར་མ་ནུས་ཀྱང༌།། སེམས་ཆགས་སྡང་དབང་དུ་མ་སོང་བར།། མགོན་ཁྱོད་ཀྱི་བསྟན་པ་འཛིན་པ་ལ།། དུས་ནམ་ཡང་བརྩོན་པ་བགྱིད་པར་སྨོན།། ཞེས་སོགས་གསུངས་པ་ནང་བཞིན་དགེ་འདུན་གྲུབ་པ་ཁོང་གི་ཡང་སྲིད་ཐམས་ཅན་མཁྱེན་པ་དགེ་འདུན་རྒྱ་མཚོ་རེད། དགེ་འདུན་གྲུབ་པའི་བཀྲ་ཤིས་ལྷུན་པོ་ཕྱག་བཏབ་ནས་གཙང་ཁུལ་ལ་བསྟན་པའི་བྱ་བ་གཙོ་བོར་མཛད། དེ་ནས་དགེ་འདུན་རྒྱ་མཚོས་ཆོས་འཁོར་རྒྱལ་ལྷ་མོའི་བླ་མཚོར་ཞལ་མཇལ་གནང་བ་རེད་ལ། གང་ལྟར་ཆོས་འཁོར་རྒྱལ་བཙུགས་ནས་མངའ་དྭགས་རྒྱལ་གསུམ་ཟེར་བ་དགེ་འདུན་རྒྱ་མཚོའི་སྐབས་ནས་བྱུང་བ་རེད། བོད་ལྷོ་ཁ་རྒྱུད་དང་དྭགས་པོའི་ཕྱོགས་སུའང་འབྲེལ་བ་ཡོད་པ་ཞིག་རེད།
རྒྱལ་མཆོག་བསོད་ནམས་རྒྱ་མཚོ་སོག་ཡུལ་དུ་ཕེབས་ནས་སོག་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་ཐོས་བསམ་སྒོམ་གསུམ་དང་བཤད་སྒྲུབ་ཟུང་འབྲེལ་གྱི་ཐོག་ནས་མཛད་པ་དེ་ལྟར་རེད། དེར་བརྟེན། ཏཱ་ལའི་བླ་མ་ཞེས་པའི་མིང་འདི་ཡང་སོག་ཡུལ་ནས་བྱུང་བ་ཞིག་ཡིན་པ་དང་། རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། ངོས་རང་ཡང་སོག་ཡུལ་དུ་ཚར་ཁ་ཤས་ལ་སླེབས་ཡོད། ཁྱོད་རང་ཚོ་དངོས་གནས་ཆོས་ལ་དད་པ་ཧ་ལས་པ་རེད། བར་སྐབས་གསར་བརྗེ་ལངས་ནས་ཕལ་ཆེར་གྲྭ་པ་འབུམ་གཅིག་ཙམ་ལ་དཀའ་ངལ་འཕྲད་པའི་ལོ་རྒྱུས་བཤད་རྒྱུ་འདུག ངོས་རང་སོག་ཡུལ་དུ་སླེབས་པའི་སྐབས་སུ་སོག་པོ་ཚོས་དད་པ་ཧ་ཅང་བརྟན་པོ་བྱས་ཏེ་ཡོད་པ་དོ་སྣང་བྱུང་། དགའ་ལྡན་དགོན་པའི་ཁྲིའི་སྒང་དུ་ངོས་རང་བསྡད་ནས་ཁོ་ཚོས་མཎྜལ་འདོན་དུས་མཁན་པོས་མཚོན་པའི་ཁོ་ཚོ་ཚང་མས་མིག་ཆུ་གཏོང་གི་འདུག ངོས་རང་ཡང་བར་སྐབས་ཀྱི་ལོ་རྒྱུས་དེ་དག་ལ་བསམ་བློ་འཁོར་ཡོང་དུས་སེམས་སྐྱོ་བོ་བྱུང་བ་དང་མིག་ཆུ་འཁོར་སོང་། གང་ལྟར་ང་རང་ཚོ་བོད་སོག་གཉིས་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ཞིག་རེད།
སྤྱིར་འཛམ་གླིང་འདིར་ཆོས་ལུགས་མི་འདྲ་བ་མང་པོ་ཡོད་པ་རེད། བཅོམ་ལྡན་འདས་རང་གི་སྐབས་སུའང་གདུལ་བྱའི་ཁམས་དང་མོས་པ་དང་འཚམ་པ་དགོས་པ་རེད་ཅེས་གསུང་གི་འདུག སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚང་མ་ནང་པ་བྱེད་དགོས་པ་རེད་ཅེས་ཕལ་ཆེར་གསུངས་ཡོད་པ་མ་རེད། ཁམས་དང་མོས་པར་འཚམ་པ་ཞིག་དགོས། བཅོམ་ལྡན་འདས་ཀྱི་ཆོས་ནི། དགེ་སློང་དག་གམ་མཁས་རྣམས་ཀྱིས།། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟགས་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན།། ཞེས་དངོས་གནས་ཚན་རིག་དང་མཐུན་པ་དང་། རྒྱུ་མཚན་དང་ལྡན་པ། ཞེ་ས་མ་ཞུས་ན་ཧ་ཅང་བློ་གུ་ཡངས་པོ་བྱས་ནས་གསུངས་འདུག སངས་རྒྱས་པའི་ཆོས་འདི་དམིགས་བསལ་གྱིས་རྒྱུ་མཚན་ལ་བརྟག་དཔྱད་བྱས་ནས་འགྲོ་དགོས་པ་རེད།
དེ་རིང་འདིར་སོག་པོའི་ཆོས་གྲོགས་ཚོར་ཆ་བཞག་ན་སངས་རྒྱས་ཀྱི་ཆོས་ལ་སངས་རྒྱས་ལ་སྐྱབས་སུ་མཆིའོ། ཆོས་ལ་སྐྱབས་སུ་མཆིའོ། དགེ་འདུན་ལ་སྐྱབས་སུ་མཆིའོ་སོགས་དད་པ་གཅིག་པུ་བྱས་ནས་འགྲོ་རྒྱུ་མིན་པར་རྩད་གཅོད་བྱས་ཏེ་ཤེས་པའི་ཐོག་ནས་དད་པ་ཐོབ་པའི་དད་པ་ཞིག་དགོས་ཀྱི་ཡོད་པ་རེད། སྤྱིར་ནང་པའི་ཡུལ་གྲུ་ཤྲི་ལངྐ་དང་འབར་མ། ཐའེ་ལན་སོགས་ནང་པའི་ཡུལ་གྲུ་རེད། ནང་པ་ཧ་ཅང་དར་ཁྱབ་ཆེན་པོ་ཡོད་པ་རེད། ཡིན་ནའང་། དེ་དག་གིས་གཙོ་བོ་པཱ་ལིའི་གཞུང་ལ་བརྟེན་ནས་འགྲོ་བཞིན་ཡོད་པས་བཅོམ་ལྡན་འདས་ཀྱིས་གསུངས་པ་རེད་ཅེས་ལུང་རྒྱུན་འཛིན་བྱེད་པ་ཞིག་ཆགས་ཡོད།
བོད་ལ་ཁྲི་སྲོང་ལྡེ་བཙན་གྱིས་ཞི་བ་འཚོ་གདན་ཞུ་གནང་ནས་མཁན་ཆེན་ཞི་བ་འཚོས་ནཱ་ལེནྡྲའི་ཆོས་བརྒྱུད་དེ་བོད་ལ་ངོ་སྤྲོད་གནང་བ་རེད། ནཱ་ལེནྡྲའི་ཆོས་བརྒྱུད་ནི་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་རྒྱ་གར་གྱི་རིག་པ་སྨྲ་བ་དང་། མཁས་པའི་དབང་པོ་ཚོས་སློབ་གཉེར་གནང་ཡུལ་དང་བསྟན་པའི་བྱ་བ་མཛད་ས་ཆགས་ཡོད། བོད་གངས་ཅན་གྱི་ལྗོངས་སུ་ནཱ་ལེནྡྲའི་ཆོས་བརྒྱུད་དེ་མཁན་ཆེན་ཞི་བ་འཚོས་བཙུགས་གནང་བ་རེད། དེར་བརྟེན། བོད་ལ་ཡོད་པའི་སངས་རྒྱས་པའི་ཆོས་ནི་ནཱ་ལེནྡྲའི་ཆོས་བརྒྱུད་བྱས་ཏེ་ལུང་ལ་བརྟེན་གྱི་ཡོད་ཀྱང་གཙོ་བོ་རིགས་པ་རང་གི་ཐོག་ནས་སྒྲུབ་རྒྱུ་ཞིག་རེད། འདིའི་གོང་དུ་ལུང་དྲངས་པ་བཞིན། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟགས་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན།། ཞེས་པ་ཏག་ཏག་ལག་ལེན་དུ་བསྟར་ནས་འགྲོ་བཞིན་ཡོད། བོད་ལ་ཡོད་པའི་སངས་རྒྱས་པའི་ཆོས་ལ་བརྟེན་ནས་ཆེན་པོ་ཧོར་གྱི་ཡུལ་ཁག་ཏུ་སངས་རྒྱས་པའི་ཆོས་དར་ཡོད་པ་ནི་ནཱ་ལེནྡྲའི་ཆོས་བརྒྱུད་རེད། རིགས་པ་ལ་བརྟེན་ནས་འགྲོ་སྡོད་པ་ཞིག་རེད།
དེ་སྔ་བོད་ལ་ཡོད་དུས་ཚན་རིག་པ་དང་འབྲེལ་བ་ཡོད་པ་མ་རེད། རྒྱ་མི་གུང་བྲན་པ་ཚོས་ཆོས་ཞེས་པ་ནི་རྨོངས་དད་རེད་ཅེས་བཤད་སྡོད་པ་རེད། རྒྱ་གར་ལ་ཚུར་སླེབས་ནས་ཆོས་ལུགས་རིས་སུ་མ་ཆད་པའི་མཁས་པ་མང་པོར་ཐུག་པ་དང་། མཁན་ཆེན་ཞི་བ་འཚོས་ངོ་སྤྲོད་གནང་བའི་བོད་ཀྱི་ནང་པའི་ཆོས་ནི་རིགས་པའི་བརྟག་དཔྱད་བྱེད་པ་དང་། མདོར་ན་བཅོམ་ལྡན་འདས་རང་གི་བཀའ་ཡིན་ནའང་རིགས་པ་དང་འགལ་ན་དེ་ལུང་དོན་བཞག་ནས་འགྲོ་རྒྱུ་མ་གཏོགས་བཅོམ་ལྡན་འདས་ཀྱི་གསུངས་པ་དེ་དེ་བཞིན་ནོ་ཞེས་བརྗོད་ཀྱི་ཡོད་པ་མ་རེད། ངོས་རང་རྒྱ་གར་ལ་སླེབས་ནས་ནཱ་ལེནྡྲའི་ཆོས་བརྒྱུད་དེ་རིགས་པས་དཔྱད་པ་བྱོས་ནས་འགྲོ་བཞིན་ཡོད་པས་ངོས་ཀྱིས་ཚན་རིག་པ་དང་མཉམ་དུ་འབྲེལ་བ་བྱས་པ་རེད། ཚན་རིག་པའི་མཉམ་དུ་འབྲེལ་བ་བྱེད་སྐབས་ཚན་རིག་གི་རིག་གནས་གསར་པའི་རིགས་ཚུར་ཉན་རྒྱུ་དང་། སེམས་ཁམས་རིག་པའི་སྐོར་ཚན་རིག་པ་ཚོར་བཤད་རྒྱུ་མེད་པས་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་སེམས་ཁམས་རིག་པའི་སྐོར་ཕར་འགྲེལ་བཤད་སྐྱོན་དུས་ཚན་རིག་པ་ཚོས་ཧ་ཅང་དགའ་བོ་བྱེད་ཀྱི་འདུག
གང་ལྟར་ང་ཚོ་རིགས་པ་རང་ལ་བརྟེན་ནས་འགྲོ་བཞིན་ཡོད་པས་ང་ཚོ་བོད་དང་སོག་པོ་ཚོ་ནཱ་ལེནྡྲའི་ཆོས་བརྒྱུད་ཡིན་པ་ཤེས་པའི་ཐོག་ནས་ཚད་མ་རིག་པ་ལ་གཙོ་བོ་སློབ་སྦྱོང་བྱེད་རྒྱུ་གལ་ཆེན་པོ་རེད། དཔེར་ན། མགོན་པོ་ཀླུ་སྒྲུབ་ཀྱི་སྲས་ཀྱི་ཐུ་བོའི་གྲས་དཔལ་ལྡན་ཟླ་བ་གྲགས་པས། དེ་ཉིད་བཤད་ཟིན་ཟབ་མོ་འཇིགས་རུང་འདི་ནི་སྔོན་གོམས་ཉིད་ལས་སྐྱེ་བོ་ཡིས།། ངེས་པར་རྟོགས་འགྱུར་འདི་ནི་གསན་རྒྱ་ཆེ་ཡང་གཞན་གྱིས་ཐུགས་སུ་ཆུད་མི་འགྱུར།། ཞེས་འཇུག་པ་རང་འགྲེལ་གྱི་ནང་དུ་གནས་བརྟན་དབྱིག་གཉེན་དང་ཕྱོགས་ཀྱི་གླང་པོ། ཆོས་གྲགས་སོགས་ཀྱིས་དབུ་མ་བའི་རིགས་ལམ་ཕྲ་བའི་གྲས་ཐུགས་ལ་མ་ཆུད་དུས་དེ་ལྟ་བུའི་དབུ་མའི་ལྟ་བ་ཕྲ་ཞིང་ཕྲ་བ་དེ་སྤངས་སམ་ཞེ་ན། དེ་སྐད་དུ་སྨྲའོ་ཞེས་དབུ་མ་འཇུག་པ་དང་འཇུག་པ་རང་འགྲེལ་དུ་གསུངས་འདུག དེ་ཚོ་རླབས་ཆེན་པོ་རེད། གང་ལྟར་མཁས་པ་རེད་ཟེར་བ་དང་། བླ་མ་ཆེན་པོ་རེད་ཟེར་བ་ཙམ་ལ་ཆ་མ་བཞག་པར་བརྟག་དཔྱད་བྱས་ནས་འགྲོ་རྒྱུ་གསུངས་འདུག
ང་རང་ཚོ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་བོད་དང་སོག་པོ་ཚོ་ཚན་རིག་པའི་མཉམ་དུ་འགྲོ་ཐུབ་པ་ཞིག་ངོས་རང་གི་ཉམས་མྱོང་ཐོག་ནས་བཤད་ན་ཏན་ཏན་འདུག དེར་བརྟེན། ཁྱོད་རང་སོག་རིགས་ཚོས་ཚན་རིག་སློབ་སྦྱོང་བྱེད་པ་དང་ཆབས་ཅིག་ཏུ་སངས་རྒྱས་པའི་ཚད་མ་གཞུང་གི་སེམས་ཁམས་རིག་པའི་ལྟ་གྲུབ་དེ་འདྲ་ཟུང་འབྲེལ་གྱིས་སློབ་སྦྱོང་བྱེད་རྒྱུ་བྱུང་ན་ཧ་ཅང་ཡག་པོ་ཡོང་གི་རེད། ཁྱོད་ཚོ་སོག་ཡུལ་དུ་ཕྱོགས་གཅིག་ནས་རང་དབང་ཡོད་པ་རེད། ཁལ་མིག་དང་བྷོ་རེ་ཐི་སོགས་ཡོད་པ་རེད། དེ་ནས་ཨུ་རི་སུ་སོགས་སྤྱི་མཐུན་རྒྱལ་ཁབ་ཁ་ཤས་སུ་ལོ་རྒྱུས་ཀྱི་ཐོག་ནས་ནང་པ་ཤུགས་ཆེན་པོ་དར་ཡོད། ལེ་ཉིན་གི་རཊ་(Leningrad/དེང་སྐབས་སེནཊ་པི་ཊར་སི་རྦག་(St. Petersburg ཟེར)ལ་སྐུ་མདུན་སྐུ་གོང་མ་བཞུགས་པའི་སྐབས་སུ་དེ་གར་ནང་པའི་ལྷ་ཁང་བཙུགས་ཡོད་པ་དང་། སྔོན་མ་ངོས་ཀྱང་དེར་ཕྱིན་པ་ཡིན། ཨུ་རུ་སུའི་ནང་དུ་སངས་རྒྱས་པའི་ཆོས་ལ་དོ་སྣང་ཡོད་མཁན་ཕལ་ཆེར་ཤུགས་ཆེ་རུ་འགྲོ་བཞིན་འདུག དེ་ཙམ་དུ་མ་ཟད་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ནང་དུའང་སེམས་ཁམས་རིག་པའི་སྐོར་ལ་དོ་སྣང་ཡོད་མཁན་ཚོས་དམིགས་བསལ་གྱིས་དོ་སྣང་ཞིག་བྱེད་བཞིན་འདུག དེ་སྔ་ནང་པ་དང་འབྲེལ་བ་མེད་མཁན་ཚོས་ཀྱང་བོད་ཀྱི་ནཱ་ལེནྡྲའི་ཆོས་བརྒྱུད་ལ་དོ་སྣང་གསར་བ་ཞིག་བྱེད་པའི་སྐབས་རེད། དེར་བརྟེན། ང་ཚོ་ཕ་མེས་ནས་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་ཆགས་ཡོད་པ་རེད། ང་ཚོས་དམིགས་བསལ་གྱིས་དོ་སྣང་བྱས་ཏེ་གཞོན་སྐྱེས་ཚོར་ཆོས་ཟེར་དུས་རྒྱ་མི་གུང་བྲན་གྱི་སྐད་ལྟར་རྨོངས་དད་ཡིན་དང་མིན་ལ་སློབ་སྦྱོང་དང་བརྟག་དཔྱད་བྱས་ཏེ། དངོས་གནས་རྒྱུ་མཚན་དང་གཞི་རྩ་མེད་པའི་རྨོངས་དད་རྐྱང་ཡིན་ན་དེ་ང་ཚོས་བྱེད་དགོས་པ་ཡོད་པ་མ་རེད།
གང་ལྟར་སངས་རྒྱས་པའི་ཆོས་འདི་རིགས་པའི་ལམ་ནས་བཤད་རྒྱུ་ཡོད་པ་ཞིག་དང་། གཉིས་ནས་སེམས་ཁམས་རིིག་པ་དེ་ནང་བསམ་བློར་སྦྱར་ཡོང་བའི་སྐབས་སུ་ཏན་ཏན་སེམས་ལ་ཞི་བདེ་ཡོང་བ་དང་། སེམས་ལྷོད་ལྷོད་ཆགས་པ། དེ་ལ་བརྟེན་ནས་གཟུགས་པོ་ཡང་བདེ་བོ་ཡོང་བ་ཞིག་ཆགས་ཐུབ། དེར་བརྟེན། ཁྱོད་རང་ཚོ་སོག་རིགས་སྤྱི་ཡོངས་དང་ལྷག་པར་དུ་གཞོན་སྐྱེས་ཚོས་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་བོད་ཀྱི་ཆོས་འདིས་ཇི་ལྟར་བཤད་བཞིན་པ་དང་། འགྲེལ་བཤད་ཇི་ལྟར་སྐྱོན་བཞིན་པ་ལ་དོ་སྣང་བྱོས། སྐྱབས་སུ་མཆི་ཟེར་བ་དེ་མིན་པར་རྒྱུ་མཚན་ལ་བསམ་བློ་གཏོང་བ་དང་། རྟག་དཔྱད་བཏང་ནས་ཕྱིན་པ་ཡིན་ན་ཏན་ཏན་ཕན་ཐོགས་ཡོང་གི་རེད། དེ་སོག་པོའི་རིག་གཞུང་ཆགས་ཡོད་ལ་དེང་དུས་ཀྱི་ཤེས་ཡོན་ནང་དུ་ཕན་ཐོགས་ཡོད་པ་ཞིག་རེད།
ནམ་རྒྱུན་འཕྲོད་བསྟེན་གྱི་སྐོར་ལ་ནུབ་ཕྱོགས་པའི་ཚན་རིག་གི་ཐོག་ནས་བཤད་པ་དེ་གཙོ་བོ་ལུས་ཁམས་དང་འབྲེལ་བའི་འཕྲོད་བསྟེན་བཤད་ཀྱི་ཡོད་པ་རེད། སེམས་ཁམས་དང་འབྲེལ་ནས་ཞི་བདེ་ཡོང་བ་ལ་དེས་དམིགས་བསལ་བྱེད་ཐུབ་ཀྱི་མི་འདུག དེར་བརྟེན། དེང་དུས་ཀྱི་ཚན་རིག་ཡར་རྒྱས་དང་འབྲེལ་བའི་འཕྲོད་བསྟེན་གྱི་ཐོག་ལ་སངས་རྒྱས་པའི་གཞུང་གི་ནང་ནས་སེམས་ཀྱི་ཞི་བདེ་སྒྲུབ་སྟངས་སྐོར་དང་། སེམས་ལ་ཆགས་སྡང་ཤུགས་ཆེན་པོ་སྐྱེས་ཡོང་བའི་སྐབས་སུ་དེ་ཤུགས་ཆུང་དུ་གཏོང་ཐབས། སེམས་ལ་འཇིགས་སྣང་ཡོང་བ་ཉུང་དུ་གཏོང་བ་སོགས་དང་། གང་ལྟར་ང་རང་ཚོའི་སངས་རྒྱས་པའི་ཆོས་ཀྱི་སྙིང་པོ་ལ་སྙིང་རྗེ་ཆེན་པོ་གསུངས་བཞིན་ཡོད། དེང་ཡང་སེམས་ཁམས་རིག་པ་དང་འབྲེལ་ནས་གསུངས་བཞིན་ཡོད་པས་དེ་ལྟ་བུ་ལ་ཏོག་ཙམ་དོ་སྣང་བྱས་པ་ཡིན་ན་ཁྱོད་རང་ཚོར་ཕན་གྱི་རེད་ལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁུངས་སུ་ཡོད་པའི་ནུབ་སོག་ལའང་ཁྱོད་རང་ཚོ་བརྒྱུད་ནས་ག་ལེར་འབྲེལ་བ་བྱེད་ཐུབ་ན་ཕན་གྱི་རེད། དེ་བཞིན་ལོ་རྒྱུས་ཀྱི་ཐོག་ནས་མན་ཇུ་ནང་པ་རེད། མན་ཇུའི་ནང་དུའང་ཕལ་ཆེར་སངས་རྒྱས་པའི་ཆོས་ལ་དོ་སྣང་ཏན་ཏན་ཡོང་གི་རེད་བསམ། ཞེས་སོགས་བཀའ་སློབ་སྩལ་རྗེས་སོག་རིགས་གཞོན་སྐྱེས་ཚོའི་དྲི་བར་བཀའ་ལན་སྩལ་ཡོད་པ་བཅས།