༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མུམ་བྷེ་ཡི་རྒྱ་གར་གྱི་འཕྲུལ་རིག་མཐོ་རིམ་སློབ་གཉེར་ཁང་ Indian Institute of Technology (IIT) ཞེས་པའི་ཚོགས་པའི་ལས་འཆར་ཁོངས་སུ་ཇི་ལྟར་གསོལ་བ་བཏབ་པ་ལྟར་དྲ་ལམ་བརྒྱུད་ཤེས་ཡོན་སློབ་གསོའི་སྐོར་ལ་བཀའ་སློབ་དང་དྲི་བ་དྲིས་ལན་གནང་ཡོད་པ་རེད།
དེ་ཡང་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཟིམ་ཆུང་ནས་བཀའ་སློབ་གནང་ཡུལ་དུ་ཆེད་ཕེབས་ཀྱིས་བཞུགས་ཁྲིར་འཁོད་མཚམས་མདོ་འཛིན་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཙོས་གསན་གཟིགས་གནང་མཁན་ཚང་མར་འཚམས་འདྲི་དང་འབྲེལ་༸གོང་ས་མཆོག་དང་མཉམ་དུ་ང་ཚོར་སྐད་ཆ་བཤད་རྒྱུ་བྱུང་བར་ཧ་ཅང་སྐལ་བ་བཟང་པོ་ཡིན། ༸རྒྱལ་བ་རིན་པོ་ཆེ་ནི། བོད་བརྒྱུད་ནང་བསྟན་གྱི་དབུ་ཁྲིད་གཙོ་བོ་དང་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དུ་ངོས་འཛིན་གྱིན་ཡོད། ཅེས་མཛད་རིམ་དབུ་འཛུགས་ཀྱིས་རྒྱ་གར་གྱི་གནའ་རབས་རིག་གཞུང་དང་དེང་དུས་ཀྱི་སློབ་སྦྱོང་གཉིས་ཟུང་འབྲེལ་བྱེད་སྟངས་དང་། དུས་རབས་ཀྱི་ཡར་རྒྱས་དང་ལྷན་སྤྱོད་བཟང་གི་ལམ་ནས་མི་ཚེ་སྐྱེལ་སྟངས་སྐོར་ལ་བཀའ་སློབ་ལམ་སྟོན་གནང་རོགས་ཞེས་གསོལ་འདེབས་ཞུས་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།
ཐོག་མར་ཚང་མར་འཚམས་འདྲི་ཞུ་རྒྱུ་ཡིན། ངོས་རང་དེ་རིང་ཁྱེད་རང་ཚོ་དང་ལྷན་བཀའ་མོལ་ཞུ་རྒྱུའི་གོ་སྐབས་བྱུང་བར་དགའ་ཆོར་ཆེན་པོ་བྱུང་། རྒྱ་གར་ལ་འཚེ་མེད་ཞི་བའི་ལྟ་གྲུབ་དང་བྱམས་པའི་ལྟ་གྲུབ་ལོ་ངོ་སྟོང་ཕྲག་སྔོན་ནས་ཡོད་པ་དང་། ལྟ་གྲུབ་དེ་གཉིས་རྒྱ་གར་གྱིས་གསར་གཏོད་གནང་བ་ཞིག་ཀྱང་ཡིན། ལྟ་གྲུབ་དེ་གཞིར་བཟུང་ལྟ་གྲུབ་གཞན་མང་པོ་ཞིག་བྱུང་ཡོད་པ་དང་། ལྷག་པར་རྒྱ་གར་གྱི་གཞུང་ལུགས་སྨྲ་བ་དང་རྒྱ་གར་གནའ་རབས་ཀྱི་ལེགས་བཤད་ཉམས་ལེན་གནང་མཁན་མང་དག་ཅིག་གིས་རིག་པའི་ལམ་ནས་འཚེ་མེད་ཞི་བ་དང་བྱམས་སྙིང་རྗེའི་ལྟ་གྲུབ་སྤེལ་ཡོད།
ངོས་ནས་འཛམ་གླིང་གི་ཆོས་ལུགས་ཚང་མར་གུས་ཞབས་བྱེད་བཞིན་ཡོད། ངོས་ཀྱི་འགན་ཁུར་གཉིས་པ་ནི་ཆོས་ལུགས་ཕན་ཚུལ་དབར་མཐུན་སྒྲིལ་གོང་མཐོར་གཏོང་བ་དང་། ཕན་ཚུན་མཛའ་བརྩེ་གོང་འཕེལ་གཏོང་རྒྱུ་ཡིན་པར་བརྟེན་ངོས་ཀྱིས་ཆོས་ལུགས་ཚང་མར་གུས་ཞབས་བྱེད་ཀྱི་ཡོད། ང་ཚོས་དངོས་ཡོད་གནས་ཚུལ་རྣམས་རིགས་ལམ་ལ་བརྟེན་ནས་གཏན་ལ་འབེབས་དགོས་པར་བསམ་བློ་བཏང་ན། ལོ་སྟོང་ཕྲག་སྔོན་ནས་རྒྱ་གར་ལ་ཡོད་པའི་འཚེ་མེད་ཞི་བའི་ལྟ་གྲུབ་དང་བྱམས་སྙིང་རྗེའི་ཉམས་ལེན་གཉིས་ནི་རྒྱུ་མཚན་ཡོད་པ་དང་རིགས་ལམ་ལ་བརྟེན་པ་ཞིག་རེེད། དུས་རབས་ཉེར་གཅིག་པའི་འཛམ་གླིང་འདིར་བྱམས་སྙིང་རྗེ་དང་། འཚེ་མེད་ཞི་བ་ངེས་པར་དུ་དགོས་ཀྱི་ཡོད། དེ་གཉིས་མུ་མཐུད་ནས་གནས་ཤིང་མི་མང་གིས་དོ་སྣང་བྱས་པ་ཡིན་ན། འཛམ་གླིང་འདི་ཞི་བདེ་ཅན་དུ་ཡོང་བར་རེ་བ་ཏན་ཏན་ཡོད་རེད། སྤྱིར་བཏང་བྱམས་བརྩེ་དང་འཚེ་མེད་ཞི་བ་ནི་ཆོས་ནས་བྱུང་བའི་ཉམས་ལེན་ཞིག་ཡིན་ནའང་། ངེས་པར་ཆོས་ཉམས་ལེན་བྱེད་དགོས་པ་མེད། དད་པ་དང་ཡིད་ཆེས་བྱེད་དང་མི་བྱེད་ནི་མི་སྒེར་སོ་སོའི་རང་དབང་རེད། སྤྱི་ཡོངས་ནས་ང་ཚོར་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་ནི་དགོས་གལ་ཡོད་པ་ཞིག་ཡིན། རིས་མེད་ཀྱི་ཐབས་ལམ་ལ་བརྟེན་ནས་སྤྱོད་བཟང་སྤེལ་རྒྱུ་དེ་གལ་ཆེན་པོ་རེད། ཆོས་ལུགས་དང་མ་འབྲེལ་བའི་ཐབས་ལམ་ལ་བརྟེན་ན། ཆོས་ཁས་ལེན་དང་མི་ལེན་པའི་མི་ཐམས་ཅད་མཉམ་ཞུགས་བྱེད་ཐུབ།
དེ་རིང་ཁྱེད་རང་ཚོ་དང་ལྷན་དུ་བཀའ་མོལ་ཞུ་རྒྱུ་བྱུང་བར་ཧ་ཅང་དགའ་ཚོར་དང་སྤོབས་པ་ཆེན་པོ་བྱུང་། རྒྱ་གར་མི་མང་ལ་བཀའ་མོལ་ཞུ་བར་དགའ་སྤྲོ་འདུག ངོས་རང་གཙོས་བོད་པ་ཚོ་རྒྱ་གར་གྱི་གནའ་རབས་ཀྱི་ལྟ་གྲུབ་ཀྱི་རྗེས་སུ་འབྲངས་པའི་སློབ་མར་གྱུར་ཡོད་པས། ཁྱོད་ཚོ་དགེ་རྒན་དང་ང་ཚོ་སློབ་ཕྲུག་རེད། ཐོག་མར་ང་ཚོས་ལྟ་གྲུབ་དེ་རྒྱ་གར་འཕགས་པའི་ཡུལ་ནས་སྦྱངས་པ་རེད།
དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་ནག་ཐང་གོང་མའི་སྲས་མོ་དང་འཁྲུངས་ས་བསྐྱོན་ཡོད་པར་བརྟེན་རྒྱ་བོད་དབར་དམིགས་བསལ་གྱི་འབྲེལ་བ་བྱུང་ཡོད། བོད་ནང་ཡོངས་གྲགས་ཀྱི་བྱིན་རླབས་ཆེ་ཤོས་སུ་བརྩི་བའི་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་རྒྱ་ནག་ནས་གདན་དྲངས་པ་རེད། ཆོས་རྒྱལ་སྲོང་བཙན་སྒམ་པོ་རྒྱ་ནག་གི་སྲས་མོ་དང་འཁྲུངས་ས་བསྐྱོན་ནས་རྒྱ་ནག་དང་འབྲེལ་བ་ཆེན་པོ་ཡོད་ནའང་ཕལ་ཆེར་རྒྱ་ཡིག་ནི་ཧ་ཅང་གི་རྙོག་དྲ་ཚ་བོ་ཞིག་ཡིན་པར་གཟིགས་ནས་བོད་རང་གི་ཡི་གེ་གསར་གཏོད་ཀྱི་དགོངས་པ་བཞེས་ཡོད། བོད་ཡིག་ནི་རྒྱ་གར་གྱི་དེ་བ་ན་གའི་ཡི་གེའི་འགྲོ་སྟངས་དང་འདྲ་བོ་ཡོད། དུས་རབས་བརྒྱད་པའི་ནང་བོད་ལ་སངས་རྒྱས་བསྟན་པ་དངོས་སུ་ངོ་སྤྲོད་གནང་མཁན་གཙོ་བོ་ནི་ནཱ་ལེནྡྲའི་མཁས་པ་ཆེན་པོ་མཁན་ཆེན་ཞི་བ་འཚོ་རེད། སྐབས་དེའི་བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་ཀྱང་སངས་རྒྱས་ཀྱི་བསྟན་པ་རྒྱ་ནག་ནས་མིན་པར་རྒྱ་གར་ནས་གདན་འདྲེན་ཞུ་དགོས་པར་ཐུགས་ཐག་བཅད་ཡོད། སྐབས་དེའི་ནཱ་ལེནྡྲའི་མཁས་ཆེན་པོ་ཁོང་དགུང་ལོ་བགྲེས་པོ་ཡིན་ནའང་བོད་དུ་ཕེབས་ཤིང་། བཙན་པོ་ལ་ཁྱོད་རང་ཚོར་རང་གི་སྐད་དང་ཡི་གེ་ཡོད་པས་ལེགས་སྦྱར་དང་ལ་ལིའི་སྐད་ཡིག་ནང་ཡོད་པའི་གསུང་རབ་གཞུང་ཆེན་ཁག་བོད་ཡིག་ལ་བསྒྱུར་དགོས་པ་རེད་ཅེས་ལམ་སྟོན་གནང་ཡོད། དེར་བརྟེན། བོད་བརྒྱུད་ནང་བསྟན་ནི་འདི་ལྟར་གསར་གཏོད་བྱས་པ་ཡིན་པས་ནནཱ་ལེནྡྲའི་ཆོས་བརྒྱུད་ཆགས་ཡོད། དངོས་ཡོད་གནས་ཚུལ་གཏན་ལ་འབེབས་དུས་རིགས་པ་དང་རྒྱུ་མཚན་གཙོ་བོ་བྱས་ནས་གཏན་ལ་འབེས་དགོས་པའི་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་འགྲོ་སྟངས་དེ་བོད་ཀྱི་ཆོས་བརྒྱུད་ཀྱི་འགྲོ་སྟངས་ཀྱང་རེད།
སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས། བསྲེག་བཅད་བརྡ་བའི་གསེར་བཞིན་དུ།། ལེགས་པར་བརྟག་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན།། ཞེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ངའི་རྗེས་འབྲངས་ཚོས་ངའི་བསྟན་པ་འདི་ལ་ཞིབ་འཇུག་དང་བརྟག་དཔྱད་ཀྱིས་རྒྱུ་མཚན་ལྡན་པ་ཞིག་མཐོང་བའི་སྐབས་སུ་ཉམས་ལེན་བྱེད་དགོས་པའི་བཀའ་གནང་ཡོད། དེར་བརྟེན། ནཱ་ལེནྡྲའི་མཁས་པ་ཆེན་པོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ། འཕགས་པ་ཐོགས་མེད། ཕྱོགས་གླང་ཆོས་གྲགས། དཔལ་ལྡན་ཟླ་བ་གྲགས་པ། སངས་རྒྱས་བསྐྱངས་ལ་སོགས་པའི་མཁས་པ་ཚང་མས་རིགས་པའི་དཔྱད་ཞིབ་ཐོག་འགྲོ་རྒྱུར་དགོངས་བཞེས་གཙོ་བོ་གནང་གི་ཡོད། སངས་རྒྱས་རང་ཉིད་ཀྱི་གསུང་ཡིན་ནའང་སྒྲ་ཇི་བཞིན་དུ་ཁས་བླངས་ན་རིགས་ལམ་དང་རྒྱུ་མཚན་ལས་འདས་ཡོད་ན། སྒྲ་ཇི་བཞིན་དུ་ཁས་ལེན་གྱི་མེེད། མགོན་པོ་ཀླུ་སྒྲུབ་ཀྱིས་དེ་ལྟར་གནང་ཡོད། འདི་ནི་དེ་ཧ་ཅང་རླབས་ཆེན་པོ་རེད།
ནང་པའི་གཞུང་དུ་ཡོད་པའི་བློའི་རྣམ་གཞག་དང་ཚད་མའི་རྣམ་གཞག ལྟ་གྲུབ་ཀྱི་རྣམ་གཞག་རིགས་ཡོད་པ་དག་སངས་རྒྱས་དང་ནང་བའི་སློབ་དཔོན་ཚོས་གསུངས་པའི་རྒྱུ་མཚན་གྱིས་ཆོས་ལུགས་ཀྱི་སྡེ་ཚན་ཙམ་དུ་མི་འཇོག་པར། ཤེས་ཡོན་གྱི་སྡེ་ཚན་ནང་བཞག་ནས་སློབ་སྦྱོང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཤེས་བྱའི་རྣམ་གྲངས་དེ་དག་ཆོས་ཀྱི་བསླབ་བྱ་རྐྱང་བ་ཙམ་མ་ཡིན་པར་སེམས་ཅན་ཡོད་དོ་ཅོག་གི་ཆེད་དུ་རེད། བྱམས་སྙིང་རྗེ་དང་འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་གཞི་རྩ་ཡོད་པའི་རྒྱ་གར་གྱི་གནའ་བོའི་རིག་གཞུང་དེ་དེང་སྐབས་འཛམ་གླིང་སྤྱི་ལ་དགོས་མཁོ་ཆེན་པོ་ཆགས་ཡོད། ཆོས་ལུགས་སོ་སོར་ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་བྱམས་སྙིང་རྗེ་དང་འཚེ་མེད་ཞི་བའི་ལྟ་གྲུབ་འགྲོ་བ་མི་དང་འབྲེལ་བ་ཆེན་པོ་ཡོད།དེར་བརྟེན། ཚོགས་འདུ་འདིར་སྐད་ཆ་བཤད་པར་དགའ་བོ་བྱུང་། ལོ་ངོ་སྟོང་ཕྲག་སྔོན་ལ་ང་ཚོ་བོད་པ་ཚོ་ཁྱོད་ཚོའི་དགེ་ཕྲུག་རེད། དེང་སྐབས་ང་ཚོའི་དགེ་རྒན་ཚོས་སོ་སོའི་གནས་རབས་ཀྱི་རིག་གཞུང་དེ་ཡལ་བར་དོར་བའི་ཟོལ་བྱུང་བས། སྲོལ་རྒྱུན་གྱི་དགེ་རྒན་ཚོ་དགེ་ཕྲུག་ཚོའི་དགེ་ཕྲུག་བྱེད་དགོས་པའི་གནས་སྟངས་ཤིག་ལ་གྱུར་ཡོད་རེད།
ངོས་ཀྱིས་ཞུ་བྱའི་དོན་དག་སྙིང་བོ་ནི། དེང་སྐབས་འཛམ་གླིང་ནང་དཀའ་ངལ་ཧ་ཅང་ཆེན་པོ་དང་དཀའ་ངལ་དག་མིས་བཟོས་པའི་དཀའ་ངལ་ལ་གྱུར་ཡོད། འགྲོ་བ་མི་ཡོད་དོ་ཅོག་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདད་པ་ཤ་སྟག་ཡིན། ཅིའི་ཕྱིར་དཀའ་ངལ་བཟོས་པ་རེད་ཅེས་རྒྱུ་མཚན་ལ་བསམ་བློ་བཏང་ན། ང་ཚོའི་བསམ་བློ་གཏོང་སྟངས་རིགས་པ་དང་ལྡན་པ་མ་ཡིན་པ་དང་། འཚེ་བ་མེད་པ་དང་བྱམས་བརྩེ་གཞི་ལ་བཞག་པའི་བསམ་བློ་ཞིག་མ་ཡིན་པས་རེད། དེར་བརྟེན། ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ཡོད་པའི་བྱམས་སྙིང་རྗེ་དང་འཚེ་མེད་ཞི་བའི་ལྟ་གྲུབ་དེ་བསྐྱར་གསོ་བྱེད་པའི་དུས་ལ་བབ་ཡོད། བསྐྱར་གསོའི་ཐབས་ལམ་དེའང་ཆོས་ལུགས་དང་མ་འབྲེལ་བའི་ཐབས་ལམ་ལ་བརྟེན་དགོས། འཛམ་གླིང་ས་ཕྱོགས་གང་སར་ཡི་ཤུ་དང་། ཁ་ཆེ། ཇེའུ་ཆོས་ལུགས་སོགས་ཡོད་པ་ནི་སོ་སོ་སྒེར་གྱི་ཆོས་ལུགས་རེད། འཚེ་མེད་ཞི་བའི་ལྟ་གྲུབ་དང་བྱམས་བརྩེའི་ཉམས་ལེན་ནི་འཛམ་གླིང་སྤྱི་ཡོངས་ཐུན་མོང་གིས་ཉམས་སུ་ལེན་རུང་བའི་གཅེས་ནོར་ལ་གྱུར་ཡོད།
འཛམ་གླིང་གི་མི་འབོར་ཆེ་ཤོས་ནི་རྒྱ་ནག་དང་རྒྱ་གར་རེད། རྒྱ་གར་ནང་འཛམ་གླིང་གི་ཆོས་ལུགས་ཆེ་ཁག་ཆ་ཚང་འཆམ་མཐུན་གྱིས་གནས་ཐུབ་ཡོད། དཔེར་ན། རྒྱལ་ཁབ་ཁ་ཤས་ནང་ཞི་ཡ་དང་སོ་ནི་དབར་ནང་ཁུལ་འཁྲུག་རྩོད་ཆེན་པོ་རེད། རྒྱ་གར་ནང་སྡེ་ཚན་དེ་གཉིས་ལ་འཁྲུག་རྩོད་བྱེད་པ་གཏན་ནས་གོ་མ་མྱོང་། དེར་བརྟེན། ཁྱིམ་མཚེས་རྒྱལ་ཁབ་གཞན་ནང་ཞི་ཡ་དང་སོ་ནི་བར་འཁྲུག་རྩོད་བྱེད་པ་གོ་ན་ཡིད་མ་ཆེས་པ་ལྟ་བུ་ཞིག་རེད། རྒྱ་གར་ནང་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ཡོད་པའི་འཚེ་མེད་ཞི་བའི་ལྟ་གྲུབ་དང་བྱམས་བརྩེའི་ཉམས་ལེན་དེ་སྤྱི་ཚོགས་བདེ་སྐྱིད་ལྡན་པ་དང་། རྒྱལ་ཁབ་བདེ་སྐྱིད་ལྡན་པ་ཡོང་བར་ཧ་ཅང་ཕན་རླབས་ཆེན་པོ་རེད། དེར་བརྟེན། རྒྱ་གར་གྱིས་དེ་ལ་དམིགས་བསལ་ཐུགས་སྣང་གནང་དགོས་པ་ཟད། ཆོས་ལུགས་མཐུན་སྒྲིལ་དང་འཚེ་མེད་ཞི་བའི་ལྟ་གྲུབ། བྱམས་བརྩེའི་ཉམས་ལེན་བཅས་ལ་ངེས་པར་དུ་མིག་དཔེ་སྟོན་ཐུབ་དགོས། གཞོན་སྐྱེས་རྣམ་པའི་ཐུགས་ལ་འཛིན་དགོས་པ་ཞིག་ལ། དུས་རབས་སྔ་མའི་ནང་སེམས་དཔའ་ཆེན་མོ་གྷན་རྡིས་འཛམ་གླིང་སྤྱི་ལ་མིག་དཔེ་སྟོན་ཐུབ་པའི་ཞི་བའི་ཐབས་ལམ་ཞིག་སྤེལ་ཡོད། འཚེ་མེད་ཞི་བའི་ཐབས་ལམ་དེ་མུ་མཐུད་འཛིན་སྐྱོང་དང་དེའང་བྱམས་བརྩེ་དང་ཟུང་འབྲེལ་གྱིས་འཛིན་སྐྱོང་གནང་རྒྱུ་གལ་ཆེན་པོ་རེད།
རྒྱ་གར་གྱི་གནའ་རབས་ལྟ་གྲུབ་ནང་དུ། ཆོས་གང་ཡིན་ཡང་ཡུལ་ངོས་ནས་གྲུབ་པ་རྡུལ་ཙམ་མེད་པར་གསུངས་ཡོད། དེ་ཚད་རྡུལ་དངོས་ཁམས་རིག་པའི་བཤད་སྟངས་དང་འདྲ་བོ་རེད། ཁོ་ཚོས་གཟུགས་ཅན་གྱི་ཆོས་གང་ཡིན་ཡང་སྣང་གནས་མི་མཐུན་པ་ཞིག་བཤད་ཀྱིན་ཡོད། དེ་གལ་ཆེན་པོ་རེད། ང་ཚོའི་ཉོན་མོངས་ཀྱི་བློ་ཁོང་ཁྲོ་དང་ཕྲག་དོག འདོད་ཆགས་ཤུགས་ཆེན་པོ་ཆ་ཚང་སྣང་བློ་ལ་སྣང་བ་གཙོ་བོ་བྱས་ཏེ་སྣང་བ་དེ་གཞིར་བཞག་ནས་ཤུགས་ཆེན་པོ་སྐྱེ་གི་ཡོད་རེད། དེ་འདྲའི་ཉོན་མོངས་ཀྱི་བློ་དག་ཤུགས་ཆུང་བར་གཏོང་བ་ལ། དཔྱད་པ་བྱས་ནས་སྣང་བ་ལྟར་གྲུབ་མ་གྲུབ་དཔྱད་ན་ཡུལ་ངོས་ནས་གྲུབ་པ་ཅུང་ཟད་ཀྱང་མེད་པས། དེ་འདྲའི་ཐབས་ལམ་རྒྱ་གར་གྱི་གནའ་རབས་རིག་གཞུང་ནང་ཡོད། རྒྱ་གར་གྱི་ཚན་རིག་པ་རཱ་རྗ་རཱ་མ་ནས་ངོས་རང་ལ། ཕྱི་རྒྱལ་ཁག་ལ་བཏགས་དོན་བཙལ་ན་རྙེད་རྒྱུ་མེད་པའི་ལྟ་གྲུབ་དེ་གསར་བ་རེད། རྒྱ་གར་ལ་དེ་ལོ་ངོ་སྟོང་ཕྲག་གོང་ནས་ཡོད་པ་རེད། ཅེས་མགོན་པོ་ཀླུ་སྒྲུབ་ཀྱི་རྩ་བ་ཤེས་རབ་ནང་གི་ཚིགས་བཅད་འགའ་བློར་སྐྱོར་སོང་། དེ་བདེན་པ་རེད། ཞིབ་ཚགས་པོས་ཉོན་མོངས་ཀྱི་གཉེན་པོ་འཚོལ་བ་ལ་རྒྱ་གར་གྱི་གནའ་རབས་རིག་གཞུང་དེ་ཧ་ཅང་ཕན་ཐོགས་ཆེན་པོ་རེད། དེ་ཡང་ཆོས་ལུགས་དང་མ་འབྲེལ་བའི་རིས་མེད་ཀྱི་ཐབས་ལམ་ཞིག་དགོས་པ་རེད།
ངོས་ནས་དུས་རྒྱུན་བརྗོད་བཞིན་པ་ལྟར། འཛམ་གླིང་འདིར་གཟུགས་པོའི་འཕྲོད་བསྟེན་ལ་དོ་སྣང་དགོས་སྐོར་ཡོད་པ་རེད། ནང་སེམས་ཁམས་དང་འབྲེལ་བའི་འཕྲོད་བསྟེན་རྒྱ་གར་ལ་སྔ་མོ་ནས་ཡོད། ཆོས་ལུགས་གཞན་དང་ཚོགས་པ་སྡེ་ཚན་གཞན་དག་ལ་སེམས་ཁམས་ཀྱི་བདེ་སྐྱིད་སྐོར་བཤད་རྒྱུ་མང་པོ་ཡོད་མ་རེད། སེམས་ཀྱི་ཚོར་བ་ཕྲ་རགས་དང་འབྲེལ་བའི་འཕྲོད་བསྟེན་དེ་རྒྱ་གར་ལ་སྔ་མོ་ནས་ཡོད་པའི་རིག་གཞུང་ཞིག་རེད། འཛམ་གླིང་ནང་སེམས་ཁམས་དང་འབྲེལ་བའི་དཀའ་ངལ་ཚབས་ཆེན་པོ་ཞིག་འཕྲད་པའི་སྐབས་འདིར་རྒྱ་གར་གྱི་གནའ་རབས་རིག་གཞུང་གིས་ཕན་ཐོགས་ཡོད། དེ་ཡང་ཆོས་ལུགས་དང་མ་འབྲེལ་བ་ཐབས་ལམ་ཞིག་ཤེས་ཡོན་གྱི་ལམ་ནས་སྤེལ་ན་ཕན་ཐོགས་ཡོད། ངོས་ཀྱི་འགན་ཁུར་བཞི་པ་ནི། རྒྱ་གར་གྱི་གནའ་རབས་རིག་གཞུང་ལ་བརྟེན་ནས་སེམས་ཀྱི་ཞི་བདེ་བསྐྲུན་རྒྱུ་དང་། དེ་ཡང་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་གོང་འཕེལ་གྱི་ཐོག་ནས་བསྐྱར་གསོ་བྱེད་རྒྱུ་དེ་ཡིན། ཞེས་བཀའ་སློབ་བཀའ་དྲིན་སྩལ་རྗེས་བཀའ་སློབ་གསན་མཁན་ཁག་གཅིག་གི་བཀའ་འདྲི་ལ་བཀའ་ལན་སྩལ་རྗེས་མཛད་རིམ་ལེགས་པར་གྲུབ་ཡོད་པ་བཅས།