༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་༢༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མེཁ་སི་ཀོ་ཡུལ་གྱི་གློག་བརྙན་ཁྲབ་ཅིང་བཟོ་སྐྲུན་མཁན་དང་། མིག་དཔེ་ཡར་སྟོན་མཁན་སྐུ་ཞབས་ཡུ་རྗིན་རྡེར་བྷེཛི་(Eugenio Derbez)དང་ལྷན་དུ་ཁོར་ཡུག་གི་གནད་དོན་དང་བྱམས་བརྩེའི་འབྲེལ་བའི་(compassion and environment issues)སྐོར་ལ་བགྲོ་གླེང་མཛད་ཡོད་པ་རེད།
དེ་ཡང་ཐོག་མར་སྐུ་ཞབས་ཡུ་ཇེ་ནིའོ་དར་བྷེ་ཛི་ལགས་ཀྱིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྔ་དྲོ་བདེ་ལེགས་ཞུས་པ་དང་ཆབས་ཅིག་མགོན་པོ་གང་ཉིད་མཆོག་དང་ལྷན་བཀའ་མོལ་ཞུ་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་བསྐལ་བ་བཟང་པོ་ཞིག་དང་སེམས་ལ་བརྗོད་མི་ཤེས་པའི་དགའ་ཚོར་ཆེན་པོ་བྱུང་ཞེས་ཞུས།
དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལུང་པ་ཕན་ཚུན་དབར་དུས་ཚོད་ཀྱི་ཁྱད་པར་ཡོད་པ་དང་། ད་ལྟ་འདིར་སྔ་དྲོ་ཡིན་ཞིང་། ངོས་རང་གི་ཀླད་པ་ཧ་ཅང་སོས་པ་ཡིན། མེཀ་སི་ཀོར་དགོང་དྲོ་ཕྱི་པོ་ཆགས་ཡོད་རྒྱུ་རེད། ཁྱེད་རང་གི་ཀླད་པ་གཉིད་ཤོར་གྲབས་ཡོད་སྲིད། ངོས་རང་ཧ་ཅང་སོས་པ་ཡིན། དུས་ཚོད་ཀྱི་ཆ་ནས་ངོས་རང་ལ་ཁེ་ཕན་འདུག་ཅེས། ༼ བཞད་མོ་བཞད། ༽ ཡུ་ཇེ་ནིའོ་དར་བྷེ་ཛི་ལགས་ཀྱིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞོགས་པ་སྔ་པོ་ཡར་བཞེངས་གནང་གི་ཡོད་རེད་ཅེས་གོ་ཐོས་བྱུང་། མགོན་པོ་གང་ཉིད་མཆོག་སྔ་པོ་ཡར་བཞེངས་རྗེས་ཉིན་མོ་ཇི་ལྟར་སྐྱེལ་གནང་གི་ཡོད་དམ།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་ནི་དམིགས་བསལ་ཅན་ཞིག་གང་ཡང་མ་རེད། ངོས་རང་སྒེར་གྱི་ངོས་ནས་ཆ་བཞག་ན། ངོས་ཀྱིས་ནམ་རྒྱུན་ངོས་རང་ནང་པའི་དགེ་སློང་ཞིག་ཡིན་བསམ་གྱི་ཡོད། མི་ཚོས་ངོས་རང་ལ་ཏཱ་ལའི་བླ་མ་ཞེས་འགྲེལ་བརྗོད་གནང་གི་ཡོད། ངོས་ཀྱིས་ནང་པའི་ལྟ་གྲུབ་སློབ་སྦྱོང་བྱས་པ་ཡིན། པཱ་ལིའི་ཆོས་བརྒྱུད་གཞིར་བཞག་ཐོག་ང་ཚོས་ཆོས་འདུལ་བ་ཉམས་ལེན་བྱེད་ཀྱི་ཡོད། པཱ་ལིིའི་ཆོས་བརྒྱུད་ནི་གཙོ་བོ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ལུང་ལ་བརྟེན་ནས་འགྲོ་ཡི་ཡོད། དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ནི་གཙོ་བོ་རིག་པར་བརྟེན་ནས་འགྲོ་ཡི་ཡོད། དཔེར་ན་སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས་ཡོད། རིམ་པས་ནཱ་ལེནྡྲའི་སློབ་གཉེར་བསྟི་གནས་ཁང་ཡར་རྒྱས་ཕྱིན་པ་དང་མཉམ་ལེགས་སྦྱར་གྱི་ཆོས་བརྒྱུད་དར་རྒྱས་བྱུང་ཡོད།
དུས་རབས་བརྒྱད་པའི་ནང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་མཁན་ཆེན་ཞི་བ་འཚོ་བོད་ལ་གདན་དྲངས་པ་དང་། མཁན་ཆེན་ཞི་བ་འཚོས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་དེ་བོད་ལ་ངོ་སྤྲོད་གནང་ཡོད། སྐབས་དེ་དུས་རྒྱ་ནག་ནི་ནང་པའི་རྒྱལ་ཁབ་ཞིག་ཡིན། རྒྱ་ནག་གི་རྒྱལ་པོས་ནང་ཆོས་སླད་བློས་བཏང་གནང་ཡོད། རྒྱ་ནག་གི་ནང་པའི་གྲྭ་པ་མང་པོ་ཞིག་བོད་ནང་སླེབས་ཡོད། ཆོས་རྒྱལ་ཁྲི་སྲོང་ལྡིའུ་བཙན་གྱིས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་མཉེས་པོ་གནང་ཡོད། སྐབས་དེ་དུས་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་མཁན་ཆེན་ཞི་འཚོས་དཔལ་ནཱ་ལེནྡྲའི་ལེགས་སྦྱར་ཆོས་བརྒྱུད་བོད་ལ་ངོ་སྤྲོད་གནང་ཡོད། དེ་ནས་བཟུང་ང་ཚོ་བོད་པ་རྣམས་དཔལ་ནཱ་ལེནྡྲ་ཆོས་བརྒྱུད་ཀྱི་རྗེས་འབྲང་བ་ཆགས་ཡོད།
དཔལ་ནཱ་ལེནྡྲའི་འགྲོ་སྟངས་འདི་རིགས་པས་དཔྱད་པ་བྱེད་རྒྱུ་གཙོ་བོ་བྱས་ནས་བཅོམ་ལྡན་འདས་ཀྱིས་གསུངས་པའི་བཀའ་ཞིག་ཡིན་ནའང་རིགས་པས་དཔྱད་ཡོང་དུས་ཕྲན་བུ་མི་བདེ་བ་ཡོད་ན། བཅོམ་ལྡན་འདས་ཀྱི་བཀའ་ཡིན་ནའང་དྲང་དོན་དགོངས་པ་ཅན་རེད། ངེས་དོན་མ་རེད་ཅེས་དབྱེ་བ་འབྱེད་རྒྱུའི་ཐོབ་ཐང་ཡོད། འདས་པའི་ལོ་ངོ་ ༤༠ ནས་ ༥༠ རིང་ངོས་ཀྱིས་དེང་རབས་ཚན་རིག་པ་ཚོ་དང་ལྷན་ནང་སེམས་ཀྱི་སྐོར་བགྲོ་གླེང་བྱས་པ་ཡིན། དེང་རབས་ཚན་རིག་པ་ཚོར་ཕྱི་དངོས་པོའི་སྐོར་ཤེས་བྱ་ཡོན་ཏན་ཧ་ཅང་ཡག་པོ་ཡོད་ནའང་། ནང་སེམས་ཁམས་དང་ཀླད་པའི་སྐོར་ལ་ཤེས་བྱ་དེ་ཙམ་མེད། དེང་རབས་ཚན་རིག་པ་ཚོས་དཔལ་ནཱ་ལེནྡྲའི་སེམས་ཁམས་རིག་པ་དང་ཚད་མ་རིག་པར་རྗེས་སུ་ཡི་རང་གནང་གི་འདུག དེང་སང་ང་ཚོར་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་ཡོད་སྟབས། ནང་སེམས་ཀྱི་འཕྲོད་བསྟེན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སེམས་ཀྱི་འགྲོ་སྟངས་ཤེས་པར་ང་ཚོར་ཤེས་བྱ་ཆ་ཚང་བ་ཞིག་ལྡན་དགོས།
གཞན་ཡང་ཡུ་ཇེ་ནིའོ་དར་བྷེ་ཛི་ལགས་ཀྱིས་མ་འོངས་པར་མགོན་པོ་གང་ཉིད་མཆོག་གི་ཡང་སྲིད་བུད་མེད་ཅིག་འཁྲུང་སྲིད་མིན་སྐོར་བཀའ་འདྲི་ཞུས་པར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ལན་སྩལ་དོན། ལོ་རྒྱུས་ཐོག་ནས་རྒྱལ་ཁབ་ཁག་གི་དམག་དཔོན་ཕལ་ཆེ་བ་སྐྱེས་པ་རེད། འཛམ་གླིང་གི་རྒྱལ་ཁབ་ཕལ་ཆེ་བའི་ཆབ་སྲིད་ཀྱི་དབུ་ཁྲིད་བུད་མེད་ཀྱིས་གནང་ཚེ་འཛམ་གླིང་ནང་བརྟན་ལྷིང་དང་དཀའ་ངལ་ཉུང་དུ་འགྲོ་སྲིད། གནས་སྟངས་ལ་དཔགས་པའི་ཏཱ་ལའི་བླ་མའི་སྒྲིག་འཛུགས་མུ་མཐུད་གནས་པ་དང་། ཏཱ་ལའི་བླ་མའི་ཡང་སྲིད་བུད་མེད་ཅིག་འཁྲུངས་ནས་ཕན་ཐོགས་ཡོད་ན། ཏཱ་ལའི་བླ་མའི་ཡང་སྲིད་བུད་མེད་ཅིག་ལ་འཁྲུང་སྲིད། ཞེས་སོགས་ཀྱི་བཀའ་སློབ་སྩལ། །