རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
  • འཕྲིན་གསར།

དབུལ་ཕྱུག་གི་ཁྱད་པར་ཆེན་པོ་ཡོད་པ་དེ་ཉུང་དུ་གཏོང་དགོས་ཞེས་བཀའ་སློབ་སྩལ་བ། September 9, 2020

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༩ དང་ ༡༠ བཅས་ཉིན་གྲངས་གཉིས་རིང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་དང་རྒྱལ་སྤྱིའི་དབུ་ཁྲིད་རྣམ་པས་དྲ་ཐོག་ནས་བྱིས་པ་ཚོར་ཐོབ་ཐང་འདྲ་མཉམ་བསྐྲུན་ (Fair Share for Children) ཞེས་པའི་ཆེས་མཐོའི་ལྷན་ཚོགས་ཀྱི་ཚོགས་འདུ་འཚོགས་བཞིན་ཡོད།

དེ་ཡང་ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་བརྙན་ཐུང་བརྒྱུད་བྱིས་པ་ཚོར་ཐོབ་ཐང་འདྲ་མཉམ་བསྐྲུན་ཞེས་པའི་ཆེས་མཐོའི་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་བཀའ་སློབ་སྩལ་དོན། མ་འོངས་པ་ནི་ང་ཚོའི་ལག་ཏུ་ཡོད། ད་ལྟའི་མི་རབས་ཀྱི་བྱིས་པ་རྣམས་ཀྱིས་ང་ཚོའི་འཛམ་གླིང་ལ་ལྟ་སྐྱོང་གནང་གི་རེད། འཛམ་གླིང་ལ་ལྟ་སྐྱོང་གནང་བ་ནི་དོན་དངོས་སུ་ང་ཚོ་རང་ཉིད་ལ་ལྟ་སྐྱོང་གནང་བ་རེད། གོ་ལའི་ཚ་དྲོད་ཀྱི་རྐྱེན་པས་ང་ཚོའི་མི་ཚེ་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད། དུས་རབས་ ༢༠ དང་ ༢༡ གཉིས་བསྡུར་ན། དུས་རབས་ ༢༠ ནི་དྲག་པོའི་དུས་རབས་ཤིག་ཏུ་གྱུར་ཡོད་པ་དང་། དུས་རབས་ ༢༡ ནང་དྲག་པོའི་བྱ་སྤྱོད་ཉུང་དུ་ཕྱིན་ཡོད། ད་ཆ་འཛམ་གླིང་གང་སར་མི་ཚོས་འཛམ་གླིང་ཞི་བདེ་ཞེས་པའི་ཚིག་དེ་བེད་སྤྱོད་གཏོང་རྒྱུར་དང་དོད་བྱེད་ཀྱི་ཡོད།

དུས་རབས་ ༢༠ པའི་ནང་མི་ཚོས་འཛམ་གླིང་ཞི་བདེ་ཞེས་མང་པོ་བརྗོད་མྱོང་མེད། ད་ལྟའི་བྱིས་པ་རྣམས་ནི་མི་རབས་གཙོ་བོ་དེ་ཡིན་ཞིང་། ཁོང་ཚོས་མ་འོངས་པར་འཛམ་གླིང་འདི་དོན་དམ་གྱི་ཞི་བདེ་ཞིག་བསྐྲུན་གནང་གི་རེད། དེ་རིང་ཁ་སང་ང་ཚོའི་སྤྱི་ཚོགས་ལམ་ལུགས་ནང་འབྱོར་ལྡན་ཚོའི་འཚོ་བའི་གནས་སྟངས་ཡག་པོ་རང་འཇགས་གནས་ཡོད་པ་དང་། འབྱོར་མེད་ཚོའི་འཚོ་བའི་གནས་སྟངས་སྐྱོ་བོ་རང་འཇགས་གནས་ཡོད།

སྤྱི་ཚོགས་དབུལ་ཕྱུག་གི་ཐད་ནས་བཤད་ན། ངོས་རང་སྤྱི་ཚོགས་རིང་ལུགས་པ་ཞིག་ཡིན། ངོས་ཀྱིས་ནམ་རྒྱུན་མི་མང་གི་བདེ་སྡུག་སྐོར་བརྗོད་ཀྱི་ཡོད་པ་དང་། མི་མང་ཕལ་ཆེ་བ་ནི་འཚོ་བའི་གནས་སྟངས་སྐྱོ་བོ་རེད། དེར་བརྟེན་བྱིས་པ་ཚོར་ཞུ་རྒྱུར། ཁྱེད་རང་ཚོས་དབུལ་ཕྱུག་གི་ཁྱད་པར་ཆེན་པོ་ཡོད་པ་དེ་ཉུང་དུ་ཇི་ལྟར་གཏོང་དགོས་པའི་སྐོར་དོ་སྣང་མང་ཙམ་གནང་རོགས། དེ་ནི་ངོས་ཀྱི་དོ་ཁུར་བྱེད་ས་གཙོ་བོ་ཡིན། ཁྱེད་རང་ཚོ་སྤྱི་ཚོགས་རིང་ལུགས་པ་ཡིན་ན་རེད་མིན་ན་རེད། གང་ལྟར་ངོས་ཀྱིས་ཁྱེད་རང་ཚོར་འདི་ཞུ་འདོད་བྱུང་། ང་ཚོས་འགྲོ་བ་མི་ཚང་མར་བསམ་བློ་གཏོང་དགོས་པ་དང་། ལྷག་པར་མི་སྐྱོ་བོ་ཚོར་བསམ་བློ་གཏོང་དགོས། མི་སྐྱོ་བོ་ཚོར་ཁྱེད་ཚོའི་རོགས་རམ་དགོས་ཀྱི་ཡོད། མི་སྐྱོ་བོ་ཚོས་དཀོན་མཆོག་དང་། ཁ་ཆེའི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་བཅས་ལ་སྨོན་ལམ་བརྒྱབ་པ་ཙམ་གྱི་ཡོང་ཐབས་མེད།

ང་ཚོས་དབུལ་ཕྱུག་གི་ཁྱད་པར་ཆེན་པོ་ཡོད་པ་དེ་ཉུང་དུ་གཏོང་བར་འབད་བརྩོན་བྱེད་དགོས། མི་རབས་གཞོན་སྐྱེས་ཚོས་གནད་དོན་དེ་སེམས་ལ་ཉར་རོགས་གནང་། ང་ཚོས་ངེས་པར་དུ་དབུལ་ཕྱུག་གི་ཁྱད་པར་ཆེན་པོ་ཡོད་པ་དེ་ཉུང་དུ་གཏོང་དགོས། ངོས་ཀྱིས་དེ་ཁྱེད་རང་ཚོར་ཞུ་འདོད་བྱུང་། ཞེས་བཀའ་སློབ་སྩལ།

  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།