༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རིགས་གཞོན་སྐྱེས་རྣམས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་བོད་རིགས་གཞོན་སྐྱེས་གཙོ་བོར་གྱུར་བའི་དྲ་ལམ་བརྒྱུད་ཆོས་ཞུ་བ་རྣམས་ལ་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་གནང་སྒོ་ལེགས་པར་གྲུབ་ཡོད་པ་རེད།
དེ་ཡང་སྔ་དྲོ་ཆུ་ཚོད་ ༩།༠༠ མ་ཟིན་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་གཟིམ་ཆུང་ནས་གསུང་ཆོས་གནང་ཡུལ་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་འཁོད་མཚམས་འཚམ་འདྲི་དང་འབྲེལ་བཀའ་སློབ་སྩལ་དོན། དེ་རིང་རྗེས་དྲན་བྱེད་དགོས་པ་ཞིག་ལ་ཕྱི་ལོ་ ༡༩༤༥ ལོའི་དམག་ཆེན་གཉིས་པའི་རྗེས་ལ་ཉི་ཧོང་ལ་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་ཀྱིས་ཧེ་རོ་ཞི་མ་(hiroshima)དང་། ན་ག་ས་གེ་(nagasaki)གཉིས་ལ་འབར་མདེལ་བཀད་པ་རེད། ངོས་རང་ས་ཆ་དེ་གཉིས་ཀར་བསླེབས་མྱོང་། ཧེ་རོ་ཞི་མ་ལ་དངོས་སུ་རྡུལ་མཚོན་གཡུགས་པའི་ས་ཆར་བསླེབས་པས་ད་ལྟ་ཧ་ཅང་ངེས་པོ་འདུག ངོས་རང་ཅེག་ཚོང་དོན་ལས་ཁུངས་རེད་ཟེར་བ་ཞིག་ལ་ལྟ་སྐོར་དུ་ཁྲིད་བྱུང་། དེའི་ནང་དུ་ལྕགས་ཀྱི་གདུང་མ་ཁ་ཤས་བཞུར་ནས་ཞེད་སྣང་ལྟ་བུ་ཞིག་འདུག དེ་ནས་རྡུལ་མཚོན་གྱི་དུག་རླངས་ཕོག་མྱོང་བ་དང་། མེས་འཚིགས་ཡོད་པའི་ནད་པ་ཁ་ཤས་ལ་ཐུག་བྱུང་། དངངས་སྐྲག་ཧ་ཅང་ཆེན་པོ་འདུག དེའི་རྗེས་ལ་ན་ག་ས་གེ་ལ་ཕྱིན་པ་ཡིན།
གང་ལྟར་རྡུལ་ཕྲན་མཚོན་ཆ་ཟེར་དུས་རང་རྒྱལ་གཞན་ཕམ་གྱི་བློ་ངན་དེའི་དབང་གིས་དགྲ་བོ་དེ་ག་རེ་ཡིན་ནའང་རྩ་མེད་གཏོང་བསམ་པ་ཞིག་གི་བློ་མ་གཏོགས། མིའི་རང་བཞིན་ལྷན་སྐྱེས་ཀྱི་མི་དང་མིའི་བརྩེ་བ་ཡོད་པ་དང་། བརྩེ་བའི་སྐད་ཆ་མེད་ནའང་ཡ་རབས་དང་མ་རབས་ཟེར་བའི་ཡ་རབས་ཀྱི་ཐོག་ནས་སྐད་ཆ་བཤད་པ་ཡིན་ན། རྡུལ་ཕྲན་མཚོན་ཆ་བེད་སྤྱོད་བྱེད་པ་ཟེར་བ་ནི་དམིགས་ཡུལ་ལས་འདས་པ་རེད། ང་ཚོས་རེ་བ་རྒྱག་པ་ནི་འཛམ་གླིང་ཞི་བདེ་དང་གོ་མཚོན་མེད་པ་ཞིག་ཡོང་བར་རེ་བ་རྒྱག་གི་ཡོད་པ་རེད། ཡོང་མི་སྲིད་པ་མ་རེད། དེར་བརྟེན། ང་རང་ཚོས་འཛམ་གླིང་ཞི་བདེ་ཞི་བདེ་ཟེར་བ་ནི་ཚིག་ཙམ་མ་རེད། དང་པོ་ཞི་བདེ་སེམས་ནས་བཟོ་བ་དང་། དེ་ནས་ལག་ལེན་ངོ་མའི་ཐོག་ནས་དཀའ་ངལ་ག་ཚོད་འཕྲད་ཀྱང་མི་ནང་ཚགས་ཀྱི་དཀའ་ངལ་ཡིན་པས་བགྲོ་གླེང་བྱས་ཏེ་ཕན་ཚུན་གྱི་ཁེ་ཕན་ཤེས་པ་བྱས་ནས་གཉིས་ཕན་གྱི་ཐོག་ལ་འགྲོ་བ་ནི་ང་ཚོས་བྱེད་ཐུབ་པ་ཞིག་རེད། དཔེར་ན། ཁྱིམ་ཚང་གཅིག་གི་ནང་ལ་ཆ་བཞག་ན་མི་མཐུན་པ་དགའ་རབ་ཅིག་བྱུང་བ་ཡིན་ནའང་རྩ་བ་ཚ་གས་མ་ཐེབ་པ་ཞིག་བྱེད་ཀྱི་རེད། འཛམ་གླིང་ཡོངས་རྫོགས་མི་གཅིག་གྱུར་གྱི་ཁྱིམ་ཚང་ཞིག་ཡིན་པས་ནང་ཚགས་ཀྱི་དཀའ་ངལ་ཡོད་དུས་སྐད་ཆ་བཤད་ནས་སེལ་རྒྱུ་མ་གཏོགས་དགྲ་བོ་རྩ་མེད་བཟོ་ཞེས་པའི་སྐད་ཆ་ད་ཆ་དུས་ཚོད་ཡོལ་བ་རེད།
དེ་རིང་གི་ཉི་མ་འདིར་སྔོན་མ་ཧེ་རོ་ཞི་མ་ལ་རྡུལ་ཕྲན་གྱི་འབར་མདེལ་བཀད་པ་དང་ངོས་རང་དངོས་སུ་ས་ཆ་དེར་ཕྱིན་པའི་དུས་ཚོད་ཅིག་ཡིན་པས་ཆ་ནས། དེ་རིང་ཧེ་རོ་ཞི་མ་ལ་འགད་རྫས་བཀད་པའི་ཉིན་མོ་ཆགས་པས་དེ་ལ་དྲན་གསོ་འདི་བརྗོད་འདོད་བྱུང་། ཁྱེད་རང་ཚོ་ཕལ་ཆེར་ས་ཆ་དེར་སླེབས་མྱོང་ཡོད་པ་མ་རེད། ངོས་རང་དངོས་སུ་ས་ཆ་དེར་སླེབས་པས་དངོས་གནས་མི་སྲིད་པ་ལྟ་བུ་ཞིག་འདུག དེར་བརྟེན། རྡུལ་ཕྲན་མཚོན་ཆའི་མཚོན་པའི་གོ་མཚོན་གྱི་རིགས་རིམ་བཞིན་མེད་པའི་འཛམ་གླིང་ཞིག་ཡོང་ཐུབ་ན་དངོས་གནས་བདེ་སྐྱིད་བརྟན་པོ་ཞིག་དང་། ཁ་སང་ཞུས་པ་བཞིན་འབྱུང་བའི་ཚ་དྲོད་ག་ལེར་འཕར་ནས་དེས་ཀྱང་ང་ཚོར་དཀའ་ངལ་བཟོས་ཡོང་གི་ཡོད། དེ་ལྟ་བུའི་རང་བཞིན་གྱི་འབྱུང་བའི་ཚ་དྲོད་ཆེ་རུ་ཕྱིན་ནས་འཛམ་གླིང་ཚ་དྲོད་ཆེ་རུ་ཆེ་རུ་ཕྱིན་པའི་ཐོག་ནས་དཀའ་ངལ་ཅིག་འཕྲད་ཡོང་གི་ཡོད་པའི་ཐོག་ལ་ད་དུང་དམག་གི་ཐོག་ལ་དང་དོད་བྱེད་པ་ནི་ཤིན་ཏུ་མ་འོས་པ་རེད། ང་ཚོ་ལོ་ཉིས་སྟོང་གོང་ནས་ཨ་ཧེམ་ས་(Ahimsa) ཀ་རོ་ན་(karuna)ཞེས་སྲོལ་བཏོད་མཁན་གྱི་ལུང་པའི་ནང་དུ་བསྡད་ཡོད་པ་རེད། དེར་བརྟེན། དང་པོ་ང་རང་ཚོ་བོད་མི་རང་ཉིད་ཀྱི་བསམ་བློའི་ནང་དུ་ཞི་བདེ་ཡོང་བ་ཞིག་དང་། རྙོག་དྲ་བཟོ་མཁན་གྱི་ཉོན་མོངས་ལ་ཉོན་མོངས་ཀྱི་མིང་བཏགས་ཀྱང་མ་བཏགས་ཀྱང་། གང་ལྟར་སེམས་དཀྲིགས་མཁན་དེ་སེམས་ཁམས་རིག་པའི་ཐོག་ནས་ཉུང་དུ་གཏོང་དགོས། དེ་ངོས་ཀྱིས་བཤད་འདོད་བྱུང་། ཅེས་སོགས་བཀའ་སློབ་སྩལ་རྗེས་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་འཕྲོ་སྐྱོང་དང་། མགོན་པོ་གང་ཉིད་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་དང་། སློབ་ཕྲུག་ཁག་ཅིག་གི་དྲི་བར་བཀའ་ལན་སྩལ་རྗེས་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གི་ལས་བྱེད་ཚུལ་ཁྲིམས་རྡོ་རྗེ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་རྗེས་བོད་རིགས་གཞོན་སྐྱེས་རྣམས་ལ་ནང་ཆོས་ངོ་སྤྲོད་ཐེངས་ ༡༤ པ་གནང་སྒོ་ལེགས་པར་གྲུབ་ཡོད་པ་བཅས།།