རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
  • འཕྲིན་གསར།

རྒྱ་གར་གྱི་གནའ་རབས་ལེགས་བཤད་དེང་གི་འཛམ་གླིང་ལ་དགོས་གལ་སྐོར་བཀའ་སློབ་སྩལ་བ། January 14, 2020

འགྲེམ་སྤེལ།

༄༅། །ཕྱི་ལོ་༢༠༢༠ ཟླ་ ༡ ཚེས་ ༡༤ ཉིན་ཞོགས་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་བཞུགས་སྒར་དགའ་ལྡན་འཕེལ་རྒྱས་གླིང་གི་མཇལ་འཕྲད་ཁང་དུ་མི་སྣ་ཁག་གཅིག་ལ་མཇལ་ཁ་དང་བཀའ་སློབ་སྩལ་རྗེས་ཆུ་ཚོད་ ༩།༣༠ ལ་དགའ་ལྡན་འཕེལ་རྒྱས་གླིང་ནས་རྡོར་གདན་ཉེ་ཁུལ་གྱི་རྒྱ་གར་གྱི་ཚོང་ལས་མཐོ་སློབ་Indian Institute of Management,Bodh Gaya ཞེས་པར་ཆིབས་སྒྱུར་བསྐྱངས་ནས་བཀའ་སློབ་དང་དྲི་བ་དྲིས་ལན་མཛད་ཡོད་པ་རེད།

དེ་ཡང་ཐོག་མར་སྤྱི་ནོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚོང་ལས་མཐོ་སློབ་དེར་༸ཞབས་སོར་འཁོད་སྐབས་མཐོ་སློབ་ཀྱི་འབྲེལ་ཡོད་མི་སྣ་དང་སློབ་ཕྲུག སྐུ་མགྲོན་སོགས་ནས་ཕེབས་བསུ་ཟབ་རྒྱས་དང་འབྲེལ་མཐོ་སློབ་ཀྱི་ར་བའི་ནང་དུ་བྱང་ཆུབ་ལྗོན་ཤིང་འདེབས་འཛུགས་མཛད་པ་དང་། དེ་ནས་སྡིངས་ཆར་ཆིབས་བསྒྱུར་གྱིས་བཞུགས་སྟེགས་སུ་༸ཞབས་སོར་འཁོད་མཚམས་མཐོ་སློབ་ཁང་གི་དྲན་རྟེན་དཔེ་དེབ་སྟེང་མཚན་རྟགས་བཀོད་དེ་དབུ་འབྱེད་མཛད་པ་དང་། དེ་རྗེས་མཐོ་སློབ་ཁང་གི་ངེས་སྟོན་པ་ལྕམ་སྐུ་ཝི་ནི་ཏ་ས་ཧེ་ Vinita Sahay ལགས་ཀྱིས་ཕེབས་བསུའི་གསུང་བཤད་དང་མཐོ་སློབ་ངོ་སྤྲོད་མཛད་པ་དང་། དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཐོ་སློབ་ཀྱི་མཚོན་རྟགས་བརྙན་ཡོལ་ནས་དབུ་འབྱེད་དང་མཐོ་སློབ་ཀྱི་དགེ་ལས་ཁག་གཅིག་དང་ལྷན་དུ་དྲན་རྟེན་སྐུ་པར་སྒྲོན་རྗེས་རྒྱ་གར་གྱི་གནའ་རབས་ལེགས་བཤད་དེང་གི་འཛམ་གླིང་ལ་དགོས་གལ་སྐོར་(The Relevance of Ancient Indian Thought )གྱི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་དོན།

མཆེད་གྲོགས་ཕོ་མོ་ཡོངས་ལ་ཞུ་རྒྱུ། རྣམ་པ་ཚོར་ངོས་ཀྱི་ཉམས་མྱོང་གཞིར་བཞག་ཐོག་བསམ་ཚུལ་ཁ་ཤས་བཤད་རྒྱུའི་གོ་སྐབས་བྱུང་བར་དགའ་པོ་བྱུང་། ང་ཚོ་འགྲོ་བ་མི་ཞིག་ཡིན། སེམས་ཅན་གཞན་ལྟར་ང་ཚོ་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་མཁན་གཅིག་པ་རེད།  འོན་ཀྱང་། འཛམ་གླིང་སྒང་གི་མི་ཐེར་འབུམ་བདུན་ལ་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད།  དཀའ་ངལ་མང་པོ་ཞིག་ང་ཚོ་མིས་བཟོས་པའི་དཀའ་ངལ་རེད། དེ་ནི་དངོས་གནས་དྲང་གནས་སེམས་སྐྱོ་དགོས་པ་ཞིག་རེད།  ང་ཚོས་སྡུག་བསྔལ་མི་འདོད་པར་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་དགོས་པ་རེད།  གཙོ་བོ་མིག་རྒྱང་ཐུང་དྲགས་པ་དང་རང་གཅེས་འཛིན་གྱི་བསམ་བློ་ཤུགས་ཆེ་དྲགས་པའི་ཐོག་ནས་དཀའ་ངལ་ཡོང་གི་ཡོད།  ཚན་རིག་པས་འགྲོ་བ་མིའི་ལྷན་སྐྱེས་ཀྱི་རང་བཞིན་ནི་བྱམས་བརྩེ་ལྡན་པ་ཞིག་རེད། ཅེས་བརྗོད་ཀྱི་འདུག ང་ཚོ་སྤྱི་ཚོགས་ལ་བརྟེན་པའི་སྲོག་ཆགས་རེད། འགྲོ་བ་མི་གཅིག་གི་མ་འོངས་བདེ་སྡུག་དེ་སྤྱི་ཚོགས་ལ་བསྟུན་དགོས་པ་རེད།

དེང་སྐབས་འཕྲུལ་ལས་དང་། བརྡ་འཕྲིན། འཛམ་གླིང་གི་དཔལ་འབྱོར་སོགས་ཀྱི་རྐྱེན་པས་གོ་ལ་ཧྲིལ་པོ་ཁྱིམ་ཚང་གཅིག་ལྟ་བུའི་ངང་གནས་ཡོད། འགྲོ་བ་མིའི་སྤྱི་ཚོགས་གཅིག་གི་ནང་ཡིན་ཡང་། ང་ཚོ་དང་ཁོ་ཚོ། ཟེར་ནས་དཀའ་ངལ་མང་པོ་ཞིག་ང་ཚོ་རང་གིས་བཟོ་བཞིན་ཡོད། འདས་པའི་ལོ་རྒྱུས་ནང་བལྟས་པ་ཡིན་ནའང་འགྲོ་བ་མི་ཡིས་འཚེ་བའི་ཐོག་ནས་དམག་འཁྲུག་མང་པོ་བརྒྱབ་ཡོད་པ་ལས་དུད་འགྲོ་སེམས་ཅན་ཚོས་དམག་འཁྲུག་དེ་ལྟར་བརྒྱབ་མྱོང་མེད། ང་ཚོ་ད་ལྟ་དུས་རབས་ ༢༡ པའི་ནང་ཡོད་ཀྱང་། ད་དུང་དུས་རབས་ ༢༠ པའི་ནང་ལྟར་ང་ཚོ་དང་ཁོ་པ་ཚོ། ཟེར་ནས་མཚོན་ཆ་བེད་སྤྱོད་བྱས་ཏེ་གསོད་རེས་གཏོང་གི་ཡོད།   དུས་རབས་ ༢༠ པའི་ནང་འཚེ་བའི་ལས་བརྩམས་པ་དེ་དག་ད་ལྟ་ང་ཚོས་བསྐྱར་ཟློས་བྱེད་མི་རུང་།  འཛམ་གླིང་གི་དམག་ཆེན་དང་པོ་དང་གཉིས་པ། ཝི་ཏི་ནམ་གྱི་དམག་འཁྲུག ཨ་རབ་དམག་འཁྲུག་སོགས་ཧ་ཅང་ཛ་དྲག་བྱུང་ཡོད།  དེ་དག་ཚང་མ་ང་ཚོ་རང་གིས་བཟོས་པ་ཤ་སྟག་རེད། དམག་མི་ཚོས་ཀྱང་བདེ་སྐྱིད་འདོད་པ་རེད།  མི་ཉམ་ཐག་མང་པོ་ཡོད་བཞིན་དུ་མཚོན་ཆའི་ཆེད་དུ་དངུལ་ཕོན་ཆེ་གཏོང་གི་ཡོད།  དེ་ནི་ཧ་ཅང་སེམས་སྐྱོ་པོ་རེད།  དུས་རབས་ ༢༠ པའི་ནང་འཚེ་བའི་ལམ་ལ་ཕྱིན་པ་རེད།  དེ་ནི་དུས་འདས་ཟིན་པ་ཞིག་རེད།

ད་ཆ་ང་ཚོས་ཁ་ཡོད་ལག་ཡོད་ཀྱིས་ཞི་བདེ་དང་འཆམ་མཐུན་ཡོང་ཐབས་ལ་བསམ་བློ་གཏོང་དགོས། ཨ་ཧྥི་རི་ཁ་དང་། ཨེ་ཤེ་ཡ། ཡུ་རོབ་སོགས་ཀྱི་ནང་ཧ་ཅང་དབུལ་ཕྱུག་གི་ཁྱད་པར་ཡོད་པ་དང་། དབུལ་པོ་ཚོས་ཉིན་རེའི་འཚོ་བའི་ཆེད་དུ་སེམས་ཁྲལ་བྱེད་ཀྱི་ཡོད།  འཛམ་གླིང་ལ་དབུལ་ཕྱུག་གི་ཁྱད་པར་ཉུང་དུ་གཏོང་རྒྱུའི་ནུས་པ་ཡོད་བཞིན་དུ་གོ་མཚོན་ལ་དང་དོད་ཤུགས་ཆེར་བྱས་ནས་ཆེད་མངགས་འགྲོ་སོང་ཕོན་ཆེ་གཏོང་བཞིན་ཡོད། དངོས་གནས་སེམས་སྐྱོ་པོ་རེད།  ཚང་མས་ཁ་ནས་ཞི་བདེ་ཟེར་བཞིན་ཡོད།   ཞི་བདེ་ཟེར་བ་སྨོན་ལམ་བརྒྱབ་པ་ཙམ་གྱིས་བསྒྲུབ་ཐབས་མེད།   ང་ཚོས་ཞི་བདེ་ཡོང་བར་འབད་བརྩོན་བྱེད་དགོས། བདག་ཉིད་ཆེན་པོ་གན་དྷིས་འཚེ་མེད་ཞི་བའི་ཐབས་ལམ་ལག་བསྟར་ཇི་ལྟར་དགོས་པའི་ལམ་སྟོན་གནང་བ་ལྟར། དཀའ་ངལ་ཇི་འདྲ་ཞིག་ཡིན་ནའང་གྲོས་མོལ་གྱི་ལམ་ནས་སེལ་ཐུབ་པ་ཞིག་དང་། སེལ་དགོས་པ་ཞིག་ཀྱང་ཆགས་ཡོད།   རྒྱ་གར་ནང་ལ་མཚོན་ན་ལོ་ངོ་ ༣༠༠༠ གོང་འཚེ་མེད་ཞི་བའི་ལྟ་གྲུབ་དང་སྙིང་རྗེའི་ཉམས་ལེན་ཧ་ཅང་དར་འཕེལ་བྱུང་ཡོད། དེ་ནི་རྒྱ་གར་གྱི་རིག་གཞུང་རེད། སྟོན་པ་ཤཱཀྱ་ཐུབ་པ་དང་རྒྱལ་བ་དམ་པ་ Mahavira སོགས་ཀྱིས་འཚེ་བ་མེད་པ་དང་སྙིང་རྗེའི་ཉམས་ལེན་གནང་ནས་ཕེབས་པ་རེད། དེང་སྐབས་འཛམ་གླིང་ནང་རྒྱ་གར་གྱི་འཚེ་བ་མེད་པའི་ལྟ་གྲུབ་དང་སྙིང་རྗེའི་ཉམས་ལེན་དངོས་འབྲེལ་ཧ་ཅང་དགོས་མཁོ་ཡོད་པ་ཞིག་ཆགས་འདུག

བདག་ཉིད་ཆེན་པོ་གན་དྷིས་འཚེ་མེད་ཞི་བའི་ཐབས་ལམ་ལམ་སྟོན་གནང་བ་བཞིན། ཨ་ཕི་རི་ཁས་གཙོས་ལུང་པ་མང་པོ་ཞིག་གི་ནང་དུ་མི་མང་པོ་མེས་པོ་དམ་པ་གན་དྷིའི་རྗེས་འབྲང་བ་ཆགས་ཡོད། དེ་བཞིན་ཨ་རིའི་ནང་ལ་མཚོན་ནའང་མི་རིགས་ནག་པོའི་ཐོབ་ཐང་འཐབ་རྩོད་པ་གྲགས་ཅན་སྐུ་ཞབས་མར་ཊིན་ལུ་ཐར་ཀིངྒ་ Rev. Martin Luther King Jr མཆོག་ནི་མཐའ་གཅིག་ཏུ་བདག་ཉིད་ཆེན་པོ་གན་ངྷིའི་འཚེ་མེད་ཞི་བའི་ལམ་ལ་རྒྱབ་སྐྱོར་ཞུས་ནས་ཕེབས་པ་རེད།

འཛམ་གླིང་སྤྱི་ལ་ཞབས་འདེགས་བསྒྲུབ་སླད་རྒྱ་གར་བ་ཚོས་རང་གི་གནའ་བོའི་རིག་གཞུང་དེ་དག་རྒྱ་གར་ནང་སླར་གསོ་བྱེད་དགོས། གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་ལམ་ལུགས་ཤིག་བཟོ་དགོས་ན་རྒྱ་གར་ཁོ་ནས་བྱེད་ཐུབ་པ་ལས་གཞན་སུས་ཀྱང་བྱེད་ཐུབ་ཀྱི་མ་རེད། ཅེས་དང་། གཞན་ཡང་། ཁ་ཆེའི་ལུང་པ་ཚོ་སུན་ནི་ Sunnis དང་ཤི་ཡ་ Shias ཕན་ཚུན་གསོད་རེས་གཏོང་བ་དང་། དེ་བཞིན་མེ་ཡན་མར་ Myanmar ནང་དུ་ནང་པ་དང་ཁ་ཆེ་གསོད་རེས་གཏོང་བཞིན་པ་ནི་ཧ་ཅང་ཐབས་སྡུག་ཡིན་པ་དང་། རྒྱ་གར་ནི་གནའ་སྔ་མོ་ནས་ཆོས་ལུགས་མང་པོ་མཉམ་གནས་བྱེད་བཞིན་པ་ནི་མིག་དཔེ་འོས་པ་ཞིག་ཡིན་པའི་སྐོར་དང་། སྟོན་པ་ཤཀྱཱ་ཐུབ་པའི་ཆོས་འཁོར་རིམ་པ་གསུམ་གྱི་ནང་དོན་དང་གནས་ངོ་སྤྲོད་མཛད་དེ་རིམ་བཞིན་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་མཁན་ཆེན་ཞི་བ་འཚོ་བོད་དུ་གདན་འདྲེན་གྱིས་བོད་དུ་ནཱ་ལེནྡྲའི་ཆོས་བརྒྱུད་རྒྱུན་འཛིན་གནང་བའི་སྐོར་དང་། ད་ལྟའི་དུས་སུ་དེ་ཉིད་ཧ་ཅང་གལ་ཆེན་པོ་ཡིན་སྐོར་སོགས་བཀའ་སློབ་སྩལ་བ་དང་། མགོན་པོ་གང་ཉིད་མཆོག་གི་རུས་རྒྱུད་བོད་ཡིན་ཀྱང་བསམ་བློ་རྒྱ་གར་བའི་བསམ་བློ་ཡིན་པ་སོགས་བཀའ་སློབ་སྩལ་རྗེས་སློབ་ཕྲུག་ཁག་གཅིག་གི་དྲི་བར་བཀའ་ལན་སྩལ་ཏེ་ཆུ་ཚོད་ ༡༡ ཙམ་ལ་མཛད་རིམ་ལེགས་པར་གྲུབ་ནས་དགའ་ལྡན་འཕེལ་རྒྱས་གླིང་དུ་ཆིབས་བསྒྱུར་བསྐྱངས་ཡོད།

  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།