༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་ནང་པའི་རྗེས་འཇུག་གི་དད་ལྡན་ཁག་ཅིག་གིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་གནས་མཆོག་རྡོ་རྗེ་གདན་དུ་ཆོས་ཀྱི་འཁོར་ལོའི་མདོ་དང་སཱ་ལུ་ལྗང་པའི་རྟེན་འབྲེལ་གྱི་མདོའི་གསུང་ཆོས་དབུ་འཛུགས་མཛད་ཡོད་པ་རེད།
དེ་ཡང་ཞོགས་པ་ ༨།༣༠ ཙམ་ལ་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་གི་གཟིམ་ཆུང་ནས་གསུང་ཆོས་གོ་སྒྲིག་གནང་མཁན་འབྲེལ་ཡོད་མི་སྣས་ཕེབས་བསུ་དང་བཅས་དུས་དབང་གསུང་ཆོས་ར་བར་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ཁྲི་ཟུར་རིན་པོ་ཆེ་མཆོག་སོགས་ལ་འཚམ་འདྲིའི་ཕྱག་འཇུ་དང་། དེ་ནས་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་འཚམས་བཀའ་སློབ་ཕེབས་དོན། འཛམ་གླིང་ཡོངས་གྲགས་ལ་ནང་པའི་གནས་ཆེན་རྡོ་རྗེ་གདན་ཞེས་ནང་པའི་གཞུང་ནས་སངས་རྒྱས་བཅོམ་ལྡན་འདས་ལོ་དྲུག་དཀའ་སྤྱད་མཛད། ཞེ་ས་མ་ཞུས་ན་སྒོམ་གྱི་རིམ་པ་མང་པོ་སྐྱོན་ནས་མཐའ་མར་བདག་མེད་པའི་ལྟ་བའི་ཐོག་ནས་ཐུན་མོང་གདུལ་བྱའི་སྣང་ངོར་ཐུགས་རྒྱུད་ཀྱི་ཉོན་མོངས་བག་ཆགས་དང་བཅས་པ་སྤངས་པའི་མངོན་པར་རྫོགས་པའི་སངས་རྒྱས་པའི་མཛད་པ་མཛད་ས་འདི་ཡིན་པ་རེད། དེར་བརྟེན་གནས་འདི་ཁྱད་པར་ཅན་ཆགས་ཡོད་པ་རེད། ཅེས་དང་།
དེ་རིང་དང་སང་ཉིན། གནངས་ཉིན་བཅས་ཀྱི་གསུང་ཆོས་ལ་རྒྱ་གར་གྱི་ཡུལ་བའི་སློབ་ཕྲུག་དང་ནང་ཆོས་ལ་དོ་སྣང་ཡོད་མཁན་གང་ལ་གང་འཚམ་འཛོམས་ཡོད་པ་རེད། ཁོ་ཚོ་ནི་ཆེད་དུ་བྱ་བའི་གདུལ་བྱ་ཆགས་ཡོད། ཅེས་བཀའ་སློབ་སྩལ་རྗེས་པ་ལི་དང་ལེགས་སྦྱར་སྐད་ཀྱི་ཐོག་ནས་ཐུགས་སྨོན་གནང་དགོས་ཞེས་བཀའ་ཕེབས་པ་དང་འབྲེལ་རྒྱ་གར་ནང་པའི་རྗེས་འཇུག་གི་ཚོགས་མི་དང་སློབ་ཕྲུག་ཁག་ཅིག་གིས་སྔ་རྗེས་པ་ལིའི་སྐད་དང་ལེགས་སྦྱར་གྱི་ཐོག་ནས་ཐུགས་སྨོན་དང་ཤེས་རབ་སྙིང་པོ་གསུང་འདོན་གནང་བ་དང་།
དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། བཅོམ་ལྡན་འདས་ཀྱིས་གནས་འདིར་མངོན་པར་རྫོགས་པར་སངས་རྒྱས་པའི་མཛད་པ་མཛད་ནས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས།། བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད།། སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས།། མི་སྨྲ་ནགས་ཀྱི་ནང་དུ་གནས་པར་བྱ།། ཞེས་རེ་ཞིག་ཆོས་མ་གསུང་རྒྱུ་བྱས་ཏེ་བཞུགས་པ་རེད། རྒྱུ་མཚན་ནི་སྐབས་དེར་རྒྱ་གར་ལ་ཡོངས་གྲགས་སུ་བདག་ཏུ་ལྟ་བ་ཟེར་བ་ནི་ཕུང་པོ་ལས་དོན་གཞན་པའི་བདག་གཅིག་འདོད་ཀྱི་ཡོད། ཁག་ཡོད་པ་མ་རེད། སྐྱེ་བ་སྔ་ཕྱི་འདོད་པ་དང་འཇིག་རྟེན་བཀོད་པ་པོ་མི་འདོད་པ་རེད། སྐྱེ་བ་སྔ་ཕྱི་འདོད་ཀྱི་ཡོད་སྟབས་སྐྱེ་བ་སྔོན་མ་ནས་འདིར་འོང་མཁན། འདི་ནས་ཕྱི་མར་འགྲོ་མཁན་གཅིག་དགོས་ཀྱི་འདུག་བསམ་པ་དྲན་པ་རེད། ལུས་པོ་འགྲོ་ཡི་མེད་པ་དང་དེ་དང་འབྲེལ་བའི་སེམས་ཡང་འགྲོ་ཡི་མེད་པ་ཧ་ཅང་གསལ་པོ་རེད། དེར་བརྟེན་ཕུང་པོ་ལས་དོན་གཞན་པའི་བདག་གཅིག་དགོས་འདུག་བསམ་ནས་རིག་པས་བསྒྲུབ་ཡོད། བསམ་བློ་མང་པོ་བཏང་འདུག དེ་ཡོངས་གྲགས་རེད།
བཅོམ་ལྡན་འདས་ཀྱིས་ལོ་དྲུག་དཀའ་བ་སྤྱད་པའི་སྐབས་སོགས་སུ་དགོངས་པ་མང་པོ་བཞེས་སྐབས་བདག་ཏུ་ལྟ་བ་དེས་ཉོན་མོངས་པའི་རྩ་བ་བྱེད་བཞིན་ཡོད་པ་གཟིགས་པ་དང་། སྐབས་དེ་དུས་ཡོངས་སུ་གྲགས་པའི་ལྟ་གྲུབ་དང་མི་འདྲ་བ་བདག་མེད་པའི་ལྟ་བ་བཅོམ་ལྡན་འདས་ཀྱི་ཐུགས་ལ་འཁྲུངས། དེ་ལྟ་བུའི་ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས།། བདུད་རྩི་ལྟ་བུའི་གོ་འཕང་མི་གནས་པའི་མྱང་འདས་མངོན་དུ་བྱེད་ཐུབ་པའི་ཐབས་ཤེས་རྟོགས་པ་ཁྱད་པར་ཅན་ཞིག་ཐུགས་རྒྱུད་ལ་འཁྲུངས་པས་ཡོངས་གྲགས་བྱས་ཏེ་བཤད་པའི་དུས་ལ་བབ་མི་འདུག་གསུངས་འདུག
དེ་རྗེས་གནས་མཆོག་ཝ་ར་ཎ་སི་ལ་ཕེབས་ཏེ་ཐོག་མར་བདེན་བཞིའི་ཆོས་འཁོར་གསུངས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས་ཀྱི་གནད་མཐར་ཐུག་ནི་བྱ་རྒོད་ཕུང་པོའི་རི་ལ་ཤེར་ཕྱིན་གྱི་མདོ་གསུངས་པའི་སྐབས་ཀྱི་ཤེས་རབ་སྙིང་པོ་ལྟ་བུ། གཟུགས་སྟོང་པའོ། སྟོང་པ་ཉིད་གཟུགས་སོ། གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་གཟུགས་གཞན་མ་ཡིན་ནོ། ཞེས་ཆོས་ཐབས་ཅད་ངོ་བོ་ཉིད་ཀྱིས་གྲུབ་པའི་སྟོང་པ་གསུངས་ནས་དེ་ལྟ་བུའི་ལྟ་བ་མཐར་ཐུག་དང་། འཁོར་ལོ་དང་པོ་སྐབས་སུ་འགོག་བདེན་གསུངས་ཡོད་པ་རེད། སྡུག་ཀུན་ལ་གཉེན་པོ་སྟོབས་ལྡན་ཡོད་པ་རེད། གཉེན་པོ་སྐྱེས་པའི་སྟོབས་ཀྱིས་གཏན་དུ་སྤངས་རྒྱུ་ཞིག་སྤྱིར་ཤེས་བྱ་ལ་ཡོད་པ་དང་། ཡང་སྒོས་རང་གི་རྒྱུད་ལ་འབྱུང་རུང་ཡིན་པ་ཞིག་གསུངས་པ་དེ་ལ་ཉོན་མོངས་པའི་ཀུན་འབྱུང་གི་རྩ་བ་གང་ཡིན་པ་དང་། དེའི་གཉེན་པོ་གང་ཡིན་པ་འཁོར་ལོ་བར་བའི་སྐབས་སུ་སྟོང་པ་ཉིད་ཀྱི་ལྟ་བ་ཧ་ཅང་ཞིབ་ཚགས་མོ་བྱས་ཏེ་གསུངས་ཡོད། ཅེས་སོགས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ལ་ཆོས་ལེགས་པར་རྣམ་འབྱེད་ཀྱི་ཤེས་རབ་ཀྱི་ཐོག་ནས་བརྟག་དཔྱད་ཀྱིས་ཁས་ལེན་བྱེད་པ་ལས་ལུང་ཙམ་ལ་ཡིད་ཆེས་བྱས་ནས་ཁས་ལེན་མི་བྱེད་མཁན་ཚོས་དོ་སྣང་གསར་པ་ཞིག་སླེབས་ཀྱི་ཡོད་པའི་སྐོར་སོགས་བཀའ་སྩལ་བ་དང་།
གཞན་ཡང་། དེང་སྐབས་ཤྲི་ལིངྐ་དང་འབར་མ། ཐའེ་ལན། ཀམ་པོ་ཊི་ཡ། ལའོ་སི་སོགས་སུ་པཱ་ལའི་གཞུང་ལ་བརྟེན་ནས་སྡེ་སྣོད་གསུམ་གྱི་འཆད་ཉན་གྱི་ཐོག་ནས་བསླབ་པ་གསུམ་གྱི་ཉམས་བཞེས་ཧ་ཅང་ཡག་པོ་ཡོད་པ་རེད། ལེགས་སྦྱར་གྱི་ཆོས་བརྒྱུད་བདག་པོ་རྒྱག་མཁན་ལོ་རྒྱུས་ཐོག་ནས་བལྟས་པ་ཡིན་ན་རྒྱ་ནག་གཅིག་ཆགས་ཡོད། མཁས་པ་ཧ་ཅང་ཉུང་ཉུང་རེད། ལེགས་སྦྱར་གྱི་ཆོས་བརྒྱུད་ལ་བདག་པོ་རྒྱག་མཁན་གྲས་ནས་ལེགས་བཤད་པོ་ཏི་ཁྲི་ཕྲག་ཡོད་མཁན་བོད་གཅིག་པུ་རེད། ཡིན་ནའང་། བོད་ཀྱི་གནས་སྟངས་འདི་ལྟ་བུ་ཞིག་གི་སྒང་ལ་བསྡད་ཡོད་པ་རེད།
གང་ལྟར་ལེགས་སྦྱར་གྱི་ཆོས་བརྒྱུད་དཔལ་ནཱ་ལེནྡྲ་ནས་ཡོང་བའི་རིགས་པའི་ལམ་ནས་གཏན་ལ་ཕབ་པ་ཡོད་པའི་ཆོས་བརྒྱུད་ཟབ་ཅིང་བརླིང་བ་དེ་ལ་བདག་པོ་རྒྱག་མཁན་ནི་རྒྱ་གར་ཡིན་དགོས་པ་རེད། བར་སྐབས་རྒྱ་གར་ནང་དུ་ནང་ཆོས་ཐོག་ལ་དོ་སྣང་གསར་པ་ཞིག་སླེབས་ཏེ་ནང་པའི་ཆོས་ཚོགས་མ་ཧཱ་བྷོ་དྷིའི་ཆོས་ཚོགས་(Maha Bodhi Society)བཙུགས་པ་དང་། རྗེས་སུ་ཊོག་ཊར་ཨ་འབུར་གྱིས་ནང་ཆོས་ལ་དོ་སྣང་གསར་པ་གནང་བ་བཅས་ཀྱི་ཐོག་ནས་རྒྱ་གར་ནང་དོ་སྣང་གསར་པ་ཞིག་སླེབས་བསྡད་ཡོད། བར་སྐབས་ནས་རྒྱ་གར་གྱི་མཁས་དབང་ཚོའི་གྲས་སུའང་ནང་ཆོས་ལ་དོ་སྣང་ཤུགས་ཆེ་རུ་འགྲོ་བཞིན་འདུག རྒྱ་གར་ནང་དུ་ནང་ཆོས་དེ་རྒྱ་གར་རང་གི་ཕ་མེས་ཀྱི་ཆོས་རེད། ལོ་ ༢༠༠༠ གོང་ནས་ཨེ་ཤ་ཡ་ཡོངས་སུ་རྫོགས་པར་རྒྱ་གར་གྱི་ཆོས་ལུགས་ཤིག་ཁྱབ་པ་ལྟ་བུ་རེད། དེར་བརྟེན་ནང་པ་སངས་རྒྱས་པའི་ཆོས་བརྒྱུད་ཀྱི་རྩ་བའི་འབྱུང་ཁུངས་རྒྱ་གར་རེད། དེའི་ནང་ཚན་ནས་ལེགས་སྦྱར་གྱི་ཆོས་བརྒྱུད་ལ་བདག་པོ་རྒྱག་མཁན་རྒྱ་གར་རེད་མ་གཏོགས་གཞན་མི་འདུག དེར་བརྟེན་ཁྱོད་རང་ཚོས་དོ་སྣང་། འདིར་སློབ་ཕྲུག་ཚོས་ལེགས་སྦྱར་སྐད་ཀྱི་ཐོག་ནས་ཤེས་རབ་སྙིང་པོ་གསུངས་པ་ཧ་ཅང་ཡག་པོ་འདུག ན་ནིང་ནས་བཏོན་པ་རེད། གང་ལྟར་ཕ་མེས་ཀྱི་གཅེས་ནོར་ཞིག་གཞི་ནས་རྒྱ་གར་ནང་ཉམས་གསོ་བྱེད་པའི་དུས་ཚོད་སླེབས་ཡོད་པ་རེད་ལ། དེ་ཁྱོད་རང་ཚོས་ཐུགས་སྣང་གནང་བ་ལ་ཧ་ཅང་དགའ་བོ་བྱུང་། ངོས་རང་ལ་ཆ་བཞག་ནའང་རྒྱ་གར་ནང་དུ་སླེབས་ནས་ལོ་ ༥༨ དང་ ༥༩ མཚམས་ལ་སླེབས་བསྡད་ཡོད། ཅེས་དང་།
དེ་བཞིན་དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ནང་དུ་བྱམས་བརྩེས་ལྡང་གི་མེད་པ་དང་། འཛམ་གླིང་འདིར་རྙོག་དྲ་བཟོ་མཁན་ཚོར་དེང་དུས་ཀྱི་ཤེས་ཡོན་ཆ་ཚང་ཐོབ་ཡོད་པ་དང་། བྱམས་བརྩེ་ཉམས་ལེན་དང་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་གལ་ཆེན་པོ་ཡིན་པ་སོགས་མགོན་པོ་གང་ཉིད་མཆོག་གི་སྐུའི་མཛད་ཆེན་གསུམ་གྱི་དགོངས་དོན་སྐོར་བཅས་གསུང་ཆོས་སྔོན་འགྲོའི་བཀའ་སློབ་སྩལ་རྗེས་ཆོས་ཀྱི་འཁོར་ལོའི་མདོ་ཡི་བཀའ་ཁྲིད་དབུ་འཛུགས་མཛད་པ་དང་། བོད་སྐད་ནང་དུ་ཆོས་ཞེས་པ་ནི་བཅོས་པའི་སྐུལ་ཚིག་ཏུ་འགྲོ་ཆོག་པ་དང་། སེམས་འདུལ་ཐབས་ཀྱི་ཐབས་ཤེས་ཤིག་ལ་ཆོས་ཟེར་གྱི་ཡོད་པ་སོགས་བཀའ་སློབ་ཟབ་རྒྱས་སྩལ་བ་མ་ཟད། བདེན་བཞི་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་རྨང་གཞི་ཡིན་པ་སོགས་བཀའ་ཁྲིད་བསྩལ་བ་དང་། ཆུ་ཚོད་ ༡༡།༣༠ ཙམ་ལ་ཆོས་ཀྱི་འཁོར་ལོའི་མདོ་ཡི་བཀའ་ཁྲིད་གནང་སྒོ་གྲུབ་སྟེ་སཱ་ལི་ལྗང་པའི་མདོ་ཡི་བཀའ་ཁྲིད་དབུ་འཛུགས་ཀྱིས་ཆུ་ཚོད་ ༡༢ ཙམ་ལ་ཉིན་དང་པོའི་གསུང་ཆོས་གནང་སྒོ་མཇུག་ལེགས་གྲུབ་པ་ཡོད་པ་དང་།
གནས་མཆོག་རྡོ་རྗེ་གདན་གྱི་གསུང་ཆོས་འདི་ལ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ཁྲི་ཟུར་རིན་པོ་ཆེ། ཤར་བྱང་ཆོས་རྗེ། ཀ་ཐོག་དགེ་རྩེ་རིན་པོ་ཆེ། གླིང་རིན་པོ་ཆེ། ཚ་བ་འོད་ཟེར་རིན་པོ་ཆེ། རྣམ་གྲྭ་མཁན་རིན་པོ་ཆེ། ཇོ་ནང་རྒྱལ་ཚབ་རིན་པོ་ཆེ། གནས་ཆུང་སྐུ་རྟེན་སོགས་གཙོས་རྒྱ་གར་བ་དང་བོད་པ། རྒྱ་རིགས། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་སོགས་དད་ལྡན་སེར་སྐྱ་མི་མང་ཁྲི་ཕྲག་བརྒལ་བ་ཕེབས་ཡོད་པ་བཅས།།