༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༢༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༤༠ སྟེང་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དགའ་ལྡན་རྣམ་པར་རྒྱའི་བའི་གླིང་གི་བླ་སྤྱི་རུ་ཆིབས་བསྒྱུར་གྱིས་གངས་ཅན་མཁས་པའི་གཙུག་རྒྱན་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་འཇམ་མགོན་བླ་མ་ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོ་རྗེས་དྲན་སྲུང་བརྩིའི་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་དབུ་འབྱེད་ཀྱི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་ཏེ་བཀའ་སློབ་སྩལ་ཡོད་པ་རེད།
དེ་ཡང་ཐོག་མར་སྤྱི་ནོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཟིམ་ཆུང་ཕོ་བྲང་ནས་རྗེ་ཙོང་ཁ་པའི་དྲུག་བརྒྱའི་རྗེས་དྲན་གྱི་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་གི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་སྐབས་སྤོས་སྣེས་མདུན་བསུ་དང་བཅས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་བགྲོ་གླེང་གཙོ་སྐྱོང་བ་དགའ་ཤར་མཁན་ཟུར་རིན་པོ་ཆེ་དགེ་བཤེས་བྱང་ཆུབ་ཆོས་ལྡན་མཆོག་དང། མཁས་དབང་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་གཉིས་ཀྱིས་རིམ་བཞིན་ཚོགས་འདུའི་རིམ་པ་ངོ་སྤྲོད་གནང་གྲུབ་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་ཞུགས་པ་ཡོངས་ལ་བླངས་དོར་བཀའ་སློབ་སྩལ་དོན།
དེ་རིང་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་མྱ་ངན་ལས་འདས་ན་ལོ་དྲུག་བརྒྱ་བྱིན་པའི་རྗེས་དྲན་དང་འབྲེལ་ནས་འཇམ་མགོན་བླ་མའི་བསྟན་པའི་སྐོར་ལ་མཁས་དབང་ཚོས་བགྲོ་གླེང་གནང་རྒྱུ་དེ་ལྟར་རེད། ཁྱེད་རང་ཚོ་ཚང་མ་རྗེའི་གཞུང་ལ་སྦྱང་ནས་རྗེ་རིན་པོ་ཆེ་ལ་དད་པ་ཐོབ་ཡོད་པ་དེ་ཤེས་ནས་དད་པ་ཐོབ་པ་ཕལ་ཆེར་ཆགས་ཡོད་པ་རེད། སྤྱི་ཡོངས་ཀྱི་ཆ་ནས་འཛམ་བུ་གླིང་འདིའི་སྒང་ལ་ལོ་སྟོང་ཕྲག་ཁ་ཤས་རིང་ལ་ཆོས་ལུགས་འདྲ་མིན་བྱུང་ཡོད་བ་རེད། དེའི་ནང་ཚན་ནས་གཙོ་བོ་དེ་རྒྱ་གར་གྱི་ཆོས་ལུགས་རེད། འཚེ་བ་མེད་པ་དང་བྱམས་བརྩེ་སྒྲུབ་པ་ལ་ཞི་གནས་དང་ལྷག་མཐོང་གི་ཉམས་བཞེས་ཕལ་ཆེར་ལོ་སུམ་སྟོང་གོང་ནས་སྲོལ་ཅིག་དར་འདུག དེ་ནས་མར་ཕྱིན་ནས་གཅེར་བུ་པ་(Jaina)དང་། དེ་ཡི་མཇུག་ཏུ་སངས་རྒྱས་ཀྱི་ཆོས་རེད། ཆོས་ལུགས་དེ་དག་དུས་ད་ལྟ་བ་ཡིན་ནའང་འཛམ་བུ་གླིང་འདིར་དགོས་མཁོ་ཡོད་པ་ཞིག་རེད། འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་བརྒྱུད་དེ་དག་གིས་ཀྱང་རང་རང་གི་བསམ་པ་དང་མོས་པའི་ཁྱད་པར་ལས་གང་ལ་གང་འཚམ་གྱིས་ཕན་ཐོག་ཡོང་བཞིན་ཡོད་པ་རེད། སྐབས་རེར་འཐེན་འཁྱེར་དང་གསོད་རེས་གཏོང་བ་ལའང་འབྲེབ་བ་ཆགས་ཀྱི་ཡོད་ཀྱང་། སྤྱི་ཡོངས་ཀྱི་ཐོག་ནས་བཤད་པ་ཡིན་ན་ཆོས་ལུགས་དེ་དག་ཚང་མའི་བསླབ་བྱ་སྙིང་པོ་དེ་བྱམས་བརྩེ་བྱེད་དགོས་པ་རེད་ཅེས་པ་འདི་རེད།
འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆ་ནས་རྩིས་བ་ཡིན་ན་ཡང་དགའ་རབ་རབས་ཤུགས་ཆེན་པོ་རེད། མི་ཚང་མ་དཀོན་མཆོག་གིས་བཀོད་པ་རེད། དཀོན་མཆོག་དེ་ཕ་ལྟ་བུ་རེད། དཀོན་མཆོག་ཟེར་ན་སྙིང་རྗེ་མཐའ་ཡས་པ་ཡོད་པའི་བྱམས་བརྩེའི་བདག་ཉིད་ཅན་ཞིག་རེད་ཟེར་དུས་ཧ་ཅང་ཕན་ཐོགས་འདུག བྱམས་བརྩེ་བདག་ཉིད་ཀྱི་ཕ་གཅིག་གིས་བསྐྲུན་པའི་འཛམ་བུ་གླིང་གི་མི་གྲངས་དེ་དག་དུང་ཕྱུར་མང་པོ་ཅིག་ཡོད་པ་རེད། དེ་དག་ཚང་མར་བྱམས་བརྩེའི་ས་བོན་ཡོད་པ་ཚན་རིག་གི་ཐོག་ནས་བཤད་ཀྱི་ཡོད་བ་རེད་ལ། ཆོས་ཕྱོགས་ནས་ཡང་དེ་ལྟར་བཤད་རྒྱུ་ཡོད་པ་ཞིག་རེད། གང་ལྟར་ཆོས་ལུགས་མང་པོ་ཞིག་གི་བསླབ་བྱ་གཙོ་བོ་ནི་བྱམས་བརྩེ་དགོས་པ་རེད་ཅེས་པ་འདི་རེད། ཉམས་ལེན་བྱས་དང་མ་བྱས་གང་ཟག་སོ་སོའི་ངོས་ནས་རེད། ཞེན་ཁོག་བྱེད་རྒྱུ་ཤེས་ནས་ཉམས་ལེན་མེད་པ་ཆོས་ལུགས་པའི་ནང་ན་ཡོང་གི་འདུག
གང་ལྟར་འཛམ་བུ་གླིང་འདིར་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་སླེབས་ཡོད་པ་རེད། ལོ་སྟོང་ཕྲག་གི་ལོ་རྒཡུས་ཡོད་པའི་ཆོས་བརྒྱུད་དེ་དག་ད་དུང་འཛམ་བུ་གླིང་འདིའི་སྒང་ལ་ཕན་ཐོག་ཡོད་པའི་ཐོག་བསྡད་ཡདོ་པར་ཡོད་པ་རེད། ཆོས་ལ་སྐྱོན་བརྗོད་བྱེད་མཁན་མང་ཐག་ཆོད་ཡོད་པ་རེད། བཏང་སྙོམས་ལ་འཇོག་མཁན་ཡང་མང་པོ་ཡོད་པ་རེད། ངོས་ཀྱིས་ནམ་རྒྱུན་བཤད་བཞིན་ཡོད། འཛམ་བུ་གླིང་འདིར་མི་དུང་ཕྱུར་ཁ་ཤས་ཡོད་པ་དེ་དུམ་བུ་གསུམ་དུ་བྱེད་ཆོག་གི་རེད། ཆོས་ཁས་ལེན་མཁན་གཅིག་དང་ཆོས་ལ་སྐྱོན་དུ་བལྟ་མཁན་གཅིག ཆོས་ལ་བཏང་སྙོམས་བྱས་ནས་འཇོག་མཁན་གཅིག་བཅས་ཡོད། ཆོས་ལ་བཏང་སྙོམས་སུ་འཇོག་མཁན་དེ་གནད་གནད་གང་ཡང་མི་འདུག ང་ཚོས་བརྟགས་དཔྱད་བྱེད་ས་ནི་ཆོས་ཁས་ལེན་མཁན་དང་ངོ་རྒོལ་བྱེད་མཁན་གཉིས་བསྡུར་ནས་ཆ་སྙོམས་སུ་བཤད་པ་ཡིན་ན། ཆོས་ཁས་ལེན་མཁན་རྣམས་ཀྱི་སེམས་ལ་ཕལ་ཆེར་ཞི་བདེ་མང་བ་ཡོད་ཅིག་རེད། བྱམས་བརྩེ་གཙོ་འདོན་བྱས་ཏེ་བཤད་སྡོད་མཁན་གྱིས་སྒྲུབ་བྱེད་ལྟ་གྲུབ་ཀྱི་རིགས་པ་འདྲ་མིན་བཤད་བཞིན་ཡོད་པ་རེད། གང་ལྟར་བྱམས་བརྩེའི་བསླབ་བྱ་འཁྱེར་ཡོང་མཁན་དང་། དེ་ལྟ་བུའི་གཞུང་ལུགས་ལ་མོས་པ་ཡོད་སྡད་མཁན་ཚོར་ག་ཚད་མེད་ཟེར་ན་ཡང་སེམས་ཀྱི་ཞི་བདེ་གང་འཚམ་མང་བ་ཡོད་པ་ལྟ་བུ་འདུག ཆོས་ལ་སྐྱོན་དུ་བལྟ་མཁན་དག་གིས་ཉོན་མོངས་དུག་གསུམ་གྱི་གཞན་དབང་དུ་བཏང་ནས་ཅི་ཡང་ཡོད་པ་མ་རེད། ཕལ་ཆེར་དུད་འགྲོ་དང་གཅིག་མཚུངས་ལྟར་ཅི་ཡང་མེད་པ་རེད། དེར་བརྟེན། དེ་གཉིས་པོར་མི་ཡི་ཀླད་པ་གཅིག་མཚུངས་ཡོད་པ་དང་། མི་གཅིག་མཚུངས་རེད། བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་གྱུར་རེད། ཡིན་ནའང་། ཆོས་འདོད་མཁན་གྱི་མི་དེ་དང་ཆོས་སྤངས་ནས་ཆོས་ལ་སྐྱོན་དུ་ལྟ་མཁན་གཉིས་བསྡུར་བ་ཡིན་ན། ལྟ་གྲུབ་གང་ཡིན་ཀྱང་བྱམས་བརྩེ་གལ་ཆེན་པོ་རེད་ཟེར་མཁན་གྱི་མི་དེ་རང་བཞིན་གྱིས་སྦྱི་ཚོགས་ནང་གཞན་ཕན་གྱི་བློ་ཡོད་པ་ཞིག་རེད། དེ་ཡག་པོ་འདུག
འཚེ་བ་མེད་པ་དང་བྱམས་བརྩེ་ནི་འཛམ་བུ་གླིང་ལ་དངོས་ཡོད་དུ་དགོས་མཁོ་ཡོད་པ་ཆགས་ཡོད། ཉོན་མོངས་དུག་གསུམ་ཡོད་པ་འཛམ་བུ་གླིང་འདིའི་སྟེང་གི་སྲོག་ཆགས་ཚང་མ་གཅིག་པ་རེད་ཀྱང་། དམག་འཁྲུགས་ལངས་ཟེར་བ་དེ་མིའི་སྤྱི་ཚོགས་ནང་མ་གཏོགས་མེད། མི་ཡིས་བསམ་བློ་མང་པོ་བཏང་ནས་དཔུང་སྒྲིག་སྟེ་གསོད་རེས་གཏོང་བ་དེ་མིའི་སྤྱི་ཚོགས་ནང་ལ་ཡོང་གི་ཡོད། དེང་སང་ཡིན་ན་འཛམ་བུ་གླིང་འདིའི་སྟེང་འཚེ་བ་བྱེད་པ་ནི་ཐང་ཆད་དགོས་པ་ཞིག་རེད་དེ། ད་དུང་འཛམ་བུ་གླིང་འདིའི་སྟེང་འཚེ་བ་བྱེད་མཁན་ཡོང་གི་འདུག དངོས་སུ་འཚེ་བའི་ནང་ལ་ཞུགས་མེད་ན་ཡང་གོ་ལག་བཟོས་ནས་དེ་ཚོང་བསྒྱུར་གྱིས་ཁེ་ཕན་ཟ་བ་དེའི་གྲས་ནི་བརྒྱུད་ནས་འཚེ་བ་ལ་ཞབས་འདེགས་སུ་འགྲོ་གི་འདུག
དེ་ལྟ་བུའི་འཛམ་གླིང་འདིར་ཆོས་ཁས་བླངས་ན་རེད་མ་བླངས་ནའང་རེད། བྱམས་བརྩེ་ནི་དགོས་མཁོ་ཡོད་པ་ཏན་ཏན་རེད། ཚན་རིག་པས་ཀྱང་མིའི་ལྷན་སྐྱེས་ཀྱི་རང་བཞིན་བྱམས་བརྩེ་ལྡན་པ་རེད་ཅེས་བཤད་ཀྱི་འདུག ང་ཚོ་སྤྱི་ཚོགས་ལ་བརྟེན་སྡོད་མཁན་ཞིག་རེད། དེར་བརྟེན། གང་ལ་བརྟེན་སའི་སྤྱི་ཚོགས་དེ་ལ་སེམས་ཐག་ཉེ་བོ་ཞིག་དང་། དེའི་བདེ་སྡུག་ལ་བསམ་བློ་འཁོར་མཁན་ཞིག་ཡིན་པ་ནི་སྤྱི་ཚོགས་སེམས་ཅན་ལ་རང་བཞིན་གྱིས་འདུག གང་ཡིན་ཟེར་ན་དེ་ལ་བརྟེན་ནས་སོ་སོ་འཚོ་དགོས་ཀྱི་ཡོད་པ་རེད། ཆོས་མི་འདྲ་བ་མང་བོ་ཞིག་ཡོད་པའི་ནང་ནས་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་སྡེ་ཚན་གཅིག་དང་། འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་ཆོས་ཀྱི་སྡེ་ཚན་གཅིག དེའི་ནང་ནས་སངས་རྒྱས་པའི་ཆོས་དང་གྲངས་ཅན་ལྷ་མེད། གཅེར་བུ་པ་བཅས་ནི་དཀོན་མཆོག་མི་འདོད་མཁན་གྱི་ཆོས་བརྒྱུད་ཆགས་ཡོད། གང་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱི་བདག་ཉིད་བདག་གི་མགོན་ཞེས་གསུངས་བ་མ་གཏོགས་འཇིག་རྟེན་བཀོད་པ་པོ་གཅིག་གིས་བཀོད་པའི་སྐད་ཆ་ཡོད་པ་མ་རེད། འཇིག་རྟེན་བཀོད་པ་པོ་འདོད་མཁན་ཞིག་ཡིན་ན་དཀའ་ངལ་འཕྲད་བའི་སྐབས་སུ་དཀོན་མཆོག་མཁྱེན་ཟེར་ནས་སྡོད་བཞིན་འདུག འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱིས་དཀའ་ངལ་འཕྲད་སྐབས་སོ་སོའི་བསམ་བློའི་ནང་ལ་བརྟག་དཔྱད་བྱས་ཏེ། བསམ་བློའི་ནང་དཀའ་ངལ་ལ་གདོང་ལེན་བྱས་ནས་སྦྱོང་བརྡར་བྱེད་རྒྱུ་ཞིག་བཤད་ཀྱི་ཡོད་པ་རེད། དེང་སང་འཛམ་བུ་གླིང་འདིའི་སྒང་ལ་ཆོས་དད་བྱེད་མཁན་མང་པོ་ཡོད་པ་དང་། ལྷག་པར་དུ་འཇིག་རྟེན་བཀོད་པ་པོ་མི་འདོད་པར་བློ་ཡི་འགྱུར་བ་ལ་རྟེན་ནས་བདེ་སྡུག་ཡོང་གི་ཡོད་པ་དང་། བློ་ལ་སྦྱོང་བརྡར་བྱེད་དགོས་པའི་བསམ་ཚུལ་དེའི་མིང་ལ་ཆོས་ཞེས་བཏགས་ན་མ་བཏགས་ན། གང་ལྟར་སེམས་ཁམས་རིག་པ་བྱས་ནས་སེམས་ལ་འགྱུར་བ་གཏོང་བ་ལ་འདིར་འཛམ་བུ་གླིང་འདིའི་སྒང་ལ་དོན་སྣང་གསར་བ་ཅིག་སླེབས་ཡོང་གི་འདུག དེ་ལྟ་བུའི་སངས་རྒྱས་པའི་ཆོས་དེ་རྒྱ་གར་ནས་དར་བ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཁོར་ལོ་རིམ་པ་གསུམ་ཟེར་ནས། མདོ་སྡེ་དགོངས་འགྲེལ་གྱི་དོན་དག་ནང་བཞིན་བྱས་ན་འཁོར་ལོ་རིམ་པ་གསུམ་བྱས་ནས་འཁོར་ལོ་དང་པོ། འཁོར་ལོ་པར་བ། འཁོར་ལོ་ཐ་མ་ཞེས་དེ་ལྟར་ཡོད་པ་རེད།
གང་ལྟར་ཡང་སྙིང་བདེན་བཞི་གསུངས་པའི་སྐབས་ནས་སྡུག་བསྔལ་བདེན་པ། ཀུན་འབྱུང་བདེན་པ། འགོག་པའི་བདེན་པ། ལམ་གྱི་བདེན་པ་ཟེར་ནས་ཀུན་ནས་ཉོན་མོངས་ཕྱོགས་ཀྱི་རྒྱུ་འབྲས་གཅིག རྣམ་བྱང་ཕྱོགས་ཀྱི་རྒྱུ་འབྲས་གཅིག་བྱས་གསུངས་ཡོད། སྡུག་བསྔལ་གྱི་རྩ་བ་དེ་ལས་དང་ཉོན་མོངས་ཀྱི་དབང་གིས་དང་། དེ་ཡི་རྩ་བ་ཉོན་མོངས་ཟེར་བ་དེ་ཇི་ལྟར་ཡོང་ངི་ཡོད་པ་རེད། རྣམ་བྱང་ཕྱོགས་ཀྱི་བདེན་པ་གཉིས་ཞེས་འགོག་ལམ་གཉིས་བཤད་ཡོང་དུས་ཉོན་མོངས་སྤོང་བའི་བྲལ་བའི་ཡོན་ཏན་ཞིག་ལ་འགོག་བདེན་ཟེར་གྱི་ཡོད་པ་རེད། དེ་ཡོང་སྲིད་པ་ཞིག་རེད་དམ་མ་རེད། ཡོང་སྲིད་པ་ཞིག་ཇི་ལྟར་ཡོང་གི་ཡོད་པ་རེད། ལམ་བདེན་སྒོམ་ནས་དེའི་ཐོག་ནས་ཉོན་མོངས་སྤོང་བའི་བྲལ་བའི་ཡོན་ཏན་ཐོབ་ཐུབ་ཀྱི་རེད་ཅེས་བསམ་བློ་ཞིབ་མོ་བཏང་ནས་འགྲོ་དགོས་ཀྱི་འདུག དེ་ལྟར་བསམ་བློ་གཏོང་དུས་ནཱ་ལེནྡྲའི་ཆོས་བརྒྱུད་དེ་ལུང་ཙམ་ལ་རྟེན་པ་མ་ཡིན་པར་རིགས་པས་དཔྱད་པ་བྱེད་རྒྱུ་ཧ་ཅང་ཤུགས་ཆེན་པོ་ཡོད་པ་རེད།
པཱ་ལེ་ཡི་ཆོས་བརྒྱུད་དེ་སངས་རྒྱས་ཀྱི་བསྟན་པའི་གཞི་མ་ལྟ་བུ་ཧ་ཅང་ཡག་པོ་རེད། ཡིན་ནའང་། ལུང་ཙམ་ལ་ཡིད་ཆེས་ཀྱིས་འགྲོ་བ་མ་གཏོགས་རྒྱུ་མཚན་བསམ་བློ་དེ་ཙམ་གཏོང་གི་མི་འདུག ཕྱིས་སུ་ནཱ་ལེནྡྲ་ཆགས་པས་ལེགས་སྦྱར་ཀྱི་ཆོས་བརྒྱུད་དེ་རིགས་པ་ལ་བརྟེན་ནས་བཅོམ་ལྡན་འདས་རང་གིས། དགེ་སློང་དག་གམ་མཁས་རྣམས་ཀྱིས།། ཞེས་སོགས་གསུངས་པའི་རྗེས་སུ་ཕྱིན་ནས་དཔྱད་པ་བྱེད་པ་དང་། མདོར་ན་སངས་རྒྱས་རང་གི་གསུང་ཡིན་ན་ཡང་། སྒྲ་ཇི་བཞིན་པར་ཁས་བླངས་པ་ཡིན་ན་རིགས་པས་གནོད་པ་ཅིག་མཐོང་ཡོང་ཚེ་བཀའ་དེ་སྒྲ་ཇི་བཞིན་པར་ཁས་བླངས་དུ་མི་རུང་བ་རེད། ཅེས་བཤད་ཀྱི་འདུག དེ་ཚོའི་གྲས་རླབས་ཆེན་པོ་རེད། སོ་སོས་སྐྱབས་སུ་མཆི་ཡུལ་སྟོན་པ་རང་གི་གསུང་ཞིག་ཡིན་ནའང་། རིགས་པས་དཔྱད་པ་བྱས་ནས་ཏོག་ཙམ་མ་བདེ་བའི་འགལ་འདུ་ཡོང་གི་ཡོད་ན་རིགས་པས་དཔྱད་པ་བྱས་པ་དེ་གཙོ་ཆེ་བར་བརྩིས་ནས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་ཟེར་ན་ཡང་ཁྱབ་པ་མ་བྱུང་ཞེས་ཟེར་རྒྱུ་ལེགས་སྦྱར་ཀྱི་ཆོས་བརྒྱུད་ནང་ན་ལ་འདུག དེ་ལྟ་བུའི་ནཱ་ལེནྡྲའི་ཆོས་བརྒྱུད་དམ་ལེགས་སྦྱར་ཀྱི་ཆོས་བརྒྱུད་དེ་འཛམ་གླིང་ཤར་ཕྱོགས་ཀྱི་རྒྱ་ནག་རེད། བོད་དང་སོག་པོ། དེ་མར་ཕྱིན་ནས་ཨུ་རུ་སི་ཁུངས་སུ་ཁ་ཤས་ཡོད་པ་རེད། གཙོ་ཆེ་ཤོས་རྒྱ་ནག ཝེ་ཏི་ནམ། ཀོ་རི་ཡ། ཉི་ཧོང་། དེ་དག་ནཱ་ལེནྡྲའི་ལེགས་སྦྱར་ཀྱི་ཆོས་བརྒྱུད་ཀྱི་རྗེས་སུ་འབྲངས་མཁན་ཆགས་ཡོད་པ་རེད། གང་ལྟར་ལེགས་སྦྱར་ཀྱི་ཆོས་བརྒྱུད། ནཱ་ལེནྡྲ་ནས་བརྒྱུད་པ་ཀླུ་སྒྲུབ་ཡབ་སྲས་ཀྱིས་རིགས་པས་ལམ་ནས་གཏན་ལ་ཕབ་པའི་སངས་རྒྱས་ཀྱི་ཆོས་དེ། རིམ་པ་བཞིན་སྔོན་ལ་རྒྱ་ནག་ལ་དར། དེ་ནས་བོད་ལ་དར་བ་རེད། ངོས་ཀྱིས་རྒྱུན་དུ་འདི་དྲན་བཞིན་ཡོད། མི་རིགས་ཀྱི་ཞེན་ཁོག་ལྟ་བུ་ཆགས་ཀྱི་འདུག་ཀྱང་། སྲོང་བཙན་སྒམ་པོས་རྒྱ་ཡིག་གཟིགས་ཡོད་པ་རེད། ཡིན་ནའང་། རྒྱ་ཡིག་དེ་དོན་དག་རེ་རེ་ལ་ཚིག་རེ་རེ་ཡོད་པས་ཕལ་ཆེར་ཧ་ཅང་རྙོག་དྲ་ཚ་བོ་ཞིག་ཏུ་གཟིགས་ནས་། དེ་ལས་རྒྱ་གར་གྱི་དེ་བ་ནཱ་ག་རཱིའི་ཡི་གེ་ལས་དབྱངས་དང་གསལ་བྱེད་ཅིག་སོ་སོར་བཟོས་ན་ཡག་པོ་གཟིགས་པ་རེད། སྲོང་བཙན་སྒམ་པོ་དངོས་གནས་གྲུང་པོ་རེད།
སྲོག་བཙན་སྒམ་པོས་ཟུར་དུ་དབྱངས་དང་གསལ་བྱེད་ཡོད་པའི་བོད་ཡིག་ཅིག་བཟོས་ཚར་བས་མཁན་ཆེན་ཞི་བ་འཚོ་བོད་ལ་ཕེབས་དུས་ཁྱེད་རང་ཚོ་ལ་ཡི་གེ་འདུག་པས་བོད་པའི་ནང་པ་ཚོས་སློབ་སྦྱོང་བྱེད་པར་ལེགས་སྦྱར་ཀྱི་སྐད་སློབ་སྦྱོང་བྱེད་པ་དང་། པཱ་ལི་སློབ་སྦྱོང་བྱེད་དགོས་པ་མ་རེད། བསྒྱུར་རྒྱུ་མགོ་ཚུགས། ལེགས་སྦྱར་དང་པཱ་ལིའི་ནང་ན་ཡོད་དེ་ཚོ་བོད་ཡིག་ནང་ནས་སློབ་ཐུབ་པ་ཞིག་ལ་བོད་ཡིག་ཏུ་བསྒྱུར་གསུངས་པ་རེད། བཙན་པོ་ཁྲི་སྲོང་ལྡེ་བཙན་ཧ་ཅང་དགོངས་པ་ཆེན་པོ་རེད། མཁན་ཆེན་ཞི་བ་འཚོ་ཡང་ཧ་ལས་བ་རེད་འདུག མི་ཁ་ཤས་ཀྱིས་ང་ལ་བཤད་མྱོང་། མཁན་ཆེན་ཞི་བ་འཚོ་བོད་ལ་ཕེབས་དུས་རྒྱ་གར་གྱིས་ལོ་རྒྱས་སྨྲ་བ་ཚོས་དགུང་ལོ་བདུན་ཅུ་དོན་གྲངས་ཡིན་པ་བཤད་ཀྱི་འདུག ང་རང་ཚོས་ཡང་དགུང་ལོ་དགུ་བརྒྱ་བཤད་ཀྱི་ཡོད་པ་རེད། དེ་ལ་ཡིད་ཆེས་མེད། གང་ལྟར་དགུང་ལོ་བདུན་ཅུ་དོན་གྲངས་ལ་ཕེབས་ཡོད་པ་འདྲ། བོད་ཕེབས་ནས་གཙུག་ལག་ཁང་དེ་དག་བཞེངས་པ་རེད། ཅེས་སོགས་བོད་ཀྱིས་བཙན་པོ་རྣམས་ཀྱིས་ཐུགས་དགོངས་ཆེ་བཞེས་ཀྱིས་སངས་རྒྱས་ཀྱི་བསྟན་པ་ལ་ཞབས་འདེགས་བླ་ན་མེད་པ་བཞག་ཡོད་ཚུལ་དང་། དེ་རྗེས་དགེ་ལྡན་བསྟན་པའི་སྲོལ་འབྱེད་ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཙོང་ཁ་པའི་སྐུ་ཚེ་གཅིག་གི་མཛད་པ་འཕྲིན་ལས་དང་བཅས་པ་ལ་རྨད་དུ་བྱུང་བའི་ཆེ་བསྟོད་གནང་བ་དང་། རྗེ་ཙོང་ཁ་པའི་གསུང་རྩོམ་ལེགས་བཤད་རྣམ་གཞན་ལས་ཁྱད་པར་དུ་འཕགས་པ་ཡིན་པས་ཚང་མས་སློབ་གཉེར་བྱེད་དགོས་པའི་བཀའ་སློབ་ཟབ་མོ་ལེགས་པར་སྩལ་གྲུབ།
དེ་རྗེས་ཨ་རི་མི་ཆི་གན་མཐོ་སློབ་ཀྱི་Michigan State University སློབ་དཔོན་ཆེན་མོ་སྐུ་ཞབས་ཌོ་ནལ་ལོ་པེཛ་ལགས་ཀྱིས་རྗེ་ཙོང་པ་ཆེན་པོ་འཛམ་གླིང་ནང་ལོ་རྒྱུས་ཐོག་མཁས་པ་ཡིན་ཚུལ་སྐོར་དང་། སེར་བྱེས་དགེ་བཤེས་ཡ་མ་རིན་ཆེན་ལགས་ཀྱིས་བསྟན་པའི་རྩ་བ་འདུལ་བ་དག་ཐེར་མཛད་ཚུལ་སོགས་རྗེ་ཙོང་ཁ་པའི་མཛད་རྗེས་གཙོ་ཆེ་བ་གང་དང་གང་ཡོད་སྐོར་རྩོམ་ཤོག་སྒྲོགས་སྦྱང་ཞུས་པ་སོགས་བགྲོ་གླེང་མཛད་རིམ་ལེགས་པར་གྲུབ་མཚམས་གསུང་བཤད་པ་རྣམས་དང་ལྷན་དུ་སྐུ་པར་བསྒྲོན་རྗེས་ཤར་རྩེ་གྲྭ་ཚང་གི་རྒྱལ་བའི་གཟིམ་ཁང་དུ་ཆིབས་བསྒྱུར་བསྐྱངས་ཡོད།
གནས་ཚུལ་གཏོང་མཁན། དགེ་བཤེས་ལྷ་རམས་པ་ངག་དབང་ཉི་མ་ལགས།