༄༅། །ཕྱི་ལོ་༢༠༡༩ ཟླ་ ༡༢ ཚེས་ ༡༦ཉིན་གྱི་སྔ་དྲོ་ས་བསྟན་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡུལ་ལུང་འདྲ་མིན་ནས་ཕེབས་པའི་མཇལ་བཅར་བ་སྐོར་ཁག་ཁ་ཤས་ལ་མཇལ་ཁ་སྩལ་རྗེས་ཆུ་ཚོད་༩།༠༠ཙམ་ལ་ཆིབས་འཁོར་ལས་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ཆོས་རར་ཆིབས་བསྒྱུར་བསྐྱངས་པ་དང་། དགའ་ལྡན་ཁྲི་གདན་ཟུར་དང་ཤར་བྱང་ཆོས་རྗེས་ཕེབས་སུ་དང་། ཐོག་མར་གསུང་ཆོས་སྔོན་འགྲོའི་ཞལ་འདོན་གསུང་འདོན་དང་འབྲེལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་ཁྲི་རིན་པོ་ཆེ་དང་། ཤར་བྱང་གི་ཆོས་རྗེས་རྣམ་གཉིས་གཙོས་བྱས་བའི་མཁན་ལས་ཟུར་དགེ་འདུན་འདུས་པ་རྒྱ་མཚོ་དང་། དད་ལྡན་སེར་སྐྱ་ཕོ་མོ་ཁྲི་ཕྲག་མང་པོར་ཚེ་དབང་ཆོས་འབྲེལ་དབུ་འཛུགས་ཀྱིས་བཀའ་སློབ་སྩལ་དོན།
བློ་གསལ་གླིང་གི་ཆོས་ར་འདིར་སྔོན་མ་ཡང་མང་ཚོགས་ལ་ཆོས་འབྲེལ་དང་གཏམ་བཤད་བྱས་པ་ཡིན། དེ་རིང་ཡང་འདིར་གཙོ་བོ་ཚེ་དབང་བྱེད་རྒྱུ་རེད། གང་ལྟར་ཚེ་སྒྲུབ་ངོ་མ་དེ་སེམས་ལ་ཞི་བདེ་དགོས་པ་རེད། སེམས་ལྷོད་པོ་བྱུང་ན་ལུས་ཀྱི་འབྱུང་བ་དེ་ཡང་ཆ་སྙོམས། ལུས་ཀྱི་འབྱུང་བ་ཆ་སྙོམས་ཚེ་ཟུངས་སོས་ནས་ཚེ་རིང་པོར་སྡོད་རྒྱུ་ཡོང་གི་རེད། སེམས་ལ་ཆགས་སྡང་སྐྱེས་ནས་བསྡད་ན་ཚེ་སྒྲུབ་དང་ཚེ་གཟུངས་དུང་ཕྱུར་མང་པོ་གསག་པ་ཡིན་ནའང་ཕན་ཐོགས་ཆེན་པོ་ཡོད་པ་མ་རེད། ཆོས་ཀྱི་སྙིང་པོ་བྱང་ཆུབ་ཀྱི་སེམས་རེད། རྒྱུ་མཚན་ལྡན་པའི་སྒོ་ནས་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་འཁོར་བར་སྟོང་ཉིད་ཀྱི་ལྟ་བ་དགོས་པ་རེད། ངོས་རང་ལ་ཉམས་མྱོང་ཆེན་པོ་ཡོད་པ་མ་རེད་དེ། གང་ལ་གང་འཚམ་གྱིས་ཉམས་མྱོང་ཐོག་ནས་བཤད་པ་ཡིན་ན་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་ན་ཚེ་སྒྲུབ་དངོས་མ་རེད། དེར་བརྟེན། ཁྱོད་རང་ཚོ་མང་ཚོགས་ཡིན་ན་ཡང་སྐྱབས་སུ་མཆི་ཟེར་བ་གཅིག་པུའི་ཐོག་མ་བཞག་པར་སྐྱབས་སུ་མཆི་སའི་ཡུལ་དེ་ཇི་ལྟ་བུ་ཞིག་པ་ཤེས་དགོས།
མགོན་པོ་ཀླུ་སྒྲུབ་ཀྱིས། གང་གི་ཐུགས་བརྩེ་ཉེར་བཟུང་ནས།། ལྟ་བ་ཐམས་ཅད་སྤང་བའི་ཕྱིར།། དམ་པའི་ཆོས་ནི་སྟོན་མཛད་པ།། གོ་དམ་དེ་ལ་ཕྱགས་འཚལ་ལོ།། ཞེས་གསུངས་པ་ལྟར། ལྟ་བ་ཐམས་ཅད་སྤང་བའི་དོན་ལ་ཅི་ཞིག་གསུངས་ཡོད་པ་རེད་ཅེ་ན། མཆོད་བརྗོད་ཀྱི་ནང་དུ། གང་གིས་རྟེན་ཅིང་འབྲེལ་པར་འབྱུང་།། འགག་པ་མེད་པ་སྐྱེ་མེད་པ།། ཆད་པ་མེད་པ་རྟག་མེད་པ།། འོང་བ་མེད་པ་འགྲོ་མེད་པ།། ཐ་དད་དོན་མིན་དོན་གཅིག་མིན།། སྤྲོས་པ་ཉེར་ཞི་ཞི་བསྟན་པ།། ཞེས་པ་འདི་ཡིས་རང་གཞན་ཕོངས་བར་བྱེད་པའི་ཕྱིན་ཅི་ལོག་གི་ལྟ་བ་དག་སེལ་བ་ལ་རྟེན་འབྱུང་གི་དེ་ཁོ་ན་ཉིད་ཤེས་དགོས་པ་རེད་ཅེས་གསུངས་ཀྱི་ཡོད། དེར་བརྟེན། གང་ལྟར་དེ་རིང་འདིར་ཡོད་པའི་དགེ་འདུན་པ་དེ་ཚོ་ལྟ་ཅི་སྨོས་སྐྱ་བོ་མི་མང་ཚོ་ཡིན་ན་ཡང་གཞན་ཕན་གྱི་བློ་ཧ་ཅང་གལ་ཆེན་པོ་རེད། དེ་བཞིན་དེ་རིང་འདིར་སྐུ་མགྲོན་སོགས་མང་པོ་ཞིག་འདུག ཚེ་སྒྲུབ་ཅེས་པ་དངོས་མ་ནི་སེམས་ཁམས་རིམ་པ་དང་འབྲེལ་ནས་བློ་ལྷོད་ལྷོད་ཡོང་བ་ཞིག་དགོས། ང་ཚོ་སྐྱེས་པའི་སྐབས་སུ་ཁྲོང་ཁྲོ་ཡོང་གི་མེད། སྐྱེས་མ་ཐག་ཨ་མའི་ཧ་ཅང་འཆམ་པོ་བྱས། ཕྲུ་གུས་ཀྱང་ལས་ངག་ཡིན་གསུམ། གློ་སྙིང་བྲང་གསུམ་ཨ་མར་གཏད་ནས་ཕན་ཚུན་བརྩེ་བའི་འབྲེལ་བ་ཡི་འོག་ནས་ཕྲུ་གུ་ལུས་འཚར་ལོངས་བྱེད་པ་དང་། རིམ་བཞིན་ཀླད་པ་ཡར་རྒྱས་སུ་འགྲོ་བཞིན་ཡོད། བརྩེ་བ་ནི་ཧ་ཅང་གལ་ཆེན་པོ་རེད། དུད་འགྲོ་ཚོ་ཡིན་ན་ཡང་ཕར་བརྩེ་བ་བྱས་ན་ཚུར་དགའ་བོ་བྱེད་ཀྱི་རེད། ཤེས་སོང་ངམ།
འཛམ་བུ་གླིང་འདིར་དངོས་ཡོད་གནས་ཚུལ་དུ་མིས་མི་གསོད་རེས་བཏང་ནས་ཐ་མར་ཆོས་དེ་ཡང་གསོད་རེས་གཏོང་བའི་རྒྱུ་མཚན་ལ་བཀོད་ནས་འཁྲུག་པ་རྒྱག་བཞིན་པ་ནི་གཙོ་བོ་སེམས་ཆགས་སྡང་གི་དབང་ལ་བཏང་ནས་བྱུང་བ་རེད། ཕྲུ་གུ་ཆུང་ཆུང་གིས་ཕན་ཚུན་ཆོས་ལུགས་གང་ཡིན་པ་དང་། ཆོས་དད་ཡོད་མེད་སྐད་ཆ་བཤད་ཀྱི་མ་རེད། ཕྲུ་གུ་མཉམ་དུ་རྩེད་མོ་རྩེས་ནས་སྡོད་ཀྱི་རེད། མཁྱེན་སོང་ངམ། ང་རང་ཚོ་རིམ་བཞིན་ནར་སོན་པའི་སྐབས་སུ་གཞི་ནས་ང་དང་ཁྱོད། ང་ཚོ་དང་ཁོང་ཚོ་ཟེར་བའི་སྐད་ཆ་སླེབས་ནས་ཆུང་ཆུང་སྐབས་སུ་ཡོད་པའི་གཅིག་མཚུངས་ཀྱི་ལྟ་སྟངས་དེར་འགྱུར་བ་ཕྱིན་ཞིང་། ང་ཚོ་དང་ཁྱོད་ཚོ་ཟེར་པ་དེའི་ཐོག་ནས་རང་ཕྱོགས་ལ་ཆགས་གཞན་ཕྱོགས་ལ་སྡང་། རྙོག་དྲ་ཚང་མ་དེ་ནས་ཡོང་གི་ཡོད། དེར་བརྟེན། དེ་ལྟ་བུའི་རྙོག་དྲ་ལ་སྔགས་བགྲང་ནས་ཕན་གྱི་མ་རེད། གཏོར་མ་བརྒྱབ་ནས་ཕན་གྱི་མ་རེད། སེམས་ལ་སྦྱོང་བརྡར་བྱེད་དགོས། སེམས་ཀྱི་སྦྱོང་བརྡར་ནི་སྨོན་ལམ་བརྒྱབ་ནས་དཀོན་མཆོག་མཁྱེན་ཟེར་བ་དེ་མ་རེད། བཅོན་ལྡན་འདས་ཀྱིས་སེམས་ཁམས་རིགས་པ་ཧ་ཅང་ཞིབ་ཚགས་པོ་གསུངས་ནས་བློ་བཅོས་སྟངས་ཤིག་གསུངས་ཡོད།
སྤྱིར་རྒྱ་གར་འཕགས་པའི་ཡུལ་ལ་ལོ་སུམ་སྟོང་གི་གོང་ནས་འཚེ་བ་མེད་པ། སྙིང་རྗེ། རྗེན་གྱི་ཆོས་ལུགས་ལ་འཚེ་བ་མེད་པའི་ལྟ་གྲུབ་ཧ་ཅང་ཤུགས་ཆེན་པོ་རེད། ཟས་དཀར་ཟས་རྐྱང་ལ་རྟེན་མཁན་ཧ་ཅང་ཡག་པོ་རེད། གོས་ལ་དང་དོད་བྱེད་ཀྱི་མེད་པར་གཅེར་བུ་པ་ཟེར་གྱི་ཡོད་པ་རེད། ཕྱོགས་ཀྱི་གོས་ཅན་ཡང་ཟེར་གྱི་ཡོད་པ་རེད། གང་ལྟར་གཅེར་བུ་རང་བྱས་ནས་སྡོད་མཁན་འདུག ངོས་རང་གཅེར་བུ་པ་དེ་འདྲ་ལ་ཐུག་མྱོང་། དམར་ཧྲེང་རང་རེད། ངོས་རང་ཧ་ལས་སོང་། སྐབས་གཅིག་ལྡི་ལིར་ང་ཚོ་ཚོགས་འདུ་ཞིག་ཏུ་གཅེར་བུ་པའི་ཆོས་པ་གཅིག་གཅེར་བུ་རང་རེད། ངོས་ཀྱི་འཁྲིས་སུ་འདུག ངོས་རང་དང་བའི་དད་པ་ཞིག་སྐྱེས་སོང་། ཁོང་གི་པུས་མོ་ལ་ངོས་ཀྱིས་མགོ་གཏུགས་པ་ཡིན། ཧ་ཅང་ཡག་པོ་རེད། རྒྱ་གར་གྱི་གཅེར་བུ་པའི་ཆོས་ལུགས་དེ་རྣམས་ལ་འཚེ་མེད་ཞི་བའི་ལྟ་སྤྱོད་ཧ་ལས་པ་ཡོད་པ་རེད།
དེའི་རྗེས་ལ་སངས་རྒྱས་བཅོམ་ལྡན་འདས་ཕེབས་པ་རེད། དེ་ལྟ་བུའི་འཚེ་བ་མེད་པའི་ལྟ་གྲུབ་ཧ་ཅང་ཤུགས་ཆེན་པོ་གསུངས་པ་དང་། དེ་ཡང་རིགས་པ་ལ་བརྟེན་ནས་འགྲོ་བ་ཞིག་གསུངས་ཡོད། རྒྱ་གར་ནང་སྟོན་པ་ཧ་ཅང་མང་པོ་བྱུང་ཡོད། གྲངས་ཅན་གྱི་སྟོན་པ་ནས་སྟོན་པ་མང་པོ་བྱོན་ཡོད། སྟོན་པ་དེ་དག་གི་ནང་ནས་ལྟ་གྲུབ་ཀྱི་རྣམ་གཞག་ཧ་ཅང་ཞིབ་ཚགས་པོ་བྱས་ནས་གསུང་མཁན་དེ་བཅོམ་ལྡན་འདས་གཅིག་པུ་རེད། གང་ལྟར་བཅོམ་ལྡན་འདས་ཀྱི་ནང་པའི་ཆོས་སུ་སེམས་ཁམས་རིག་པ་གསུང་གི་ཡོད། སེམས་ལ་བཟོ་བཅོས་རྒྱག་དགོས་པས་སེམས་ཀྱི་རྣམ་གཞག་ཤེས་དགོས་པ་རེད། བཅོམ་ལྡན་འདས་ཀྱིས་ལོ་གཉིས་སྟོང་ལྔ་བརྒྱ་གོང་ལ་གསུངས་པའི་སེམས་ཁམས་རིག་པ་དང་འབྲེལ་བའི་ལྟ་གྲུབ་དེ་དེང་སང་འཛམ་བུ་གླིང་དུ་ཚན་རིག་ཡར་རྒྱས་ཆེན་པོ་ཕྱིན་པའི་དུས་ཚོད་འདིར་སེམས་ཁམས་རིགས་པའི་སྐོར་ལ་ནང་པའི་སེམས་ཁམས་རིགས་པ་ལས་ཚུར་སློབ་སྦྱོང་ལེན་ས་ཞིག་ལ་བརྩི་བཞིན་ཡོད། ཅེས་སོགས་རྗེ་ཚེ་འཛིན་མའི་ཚེ་དབང་གི་སྔོན་འགྲོའི་ཆོས་བཤད་གནང་གྲུབ་རྗེས་ཚེ་དབང་གི་ཆོ་གའི་དབུ་བརྩམས་ཏེ་ཆུ་ཚོད་༡༡།༠༠ ཡོལ་ནས་ཆོས་འབྲེལ་གནང་སྒོ་ལེགས་པར་གྲུབ་ནས་ཆོས་ཀྱི་རོལ་དབྱངས་དང་བཅས་རྒྱལ་བའི་གཟིམ་ཆུང་དུ་ཆིབས་བསྒྱུར་བསྐྱངས་ཡོད།