༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་ཞུས་པའི་བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅུ་བཞི་པའི་ཚོགས་ཆེན་ཉིན་མཐའ་མར་ཆིབས་བསྒྱུར་བསྐྱངས་ཏེ་བཀའ་སློབ་སྩལ་ཡོད་པ་རེད།
དེ་ཡང་སྔ་དྲོ་ཆུ་ཚོད་༩།༠༠ ཙམ་ལ་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་ནས་ཆིབས་ཐོན་གྱིས་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཞོངས་ཀྱི་ T ཁང་བརྩེགས་ནང་ཚོགས་བཞིན་ཡོད་པའི་བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅུ་བཞི་པའི་ཉིན་མཐའ་མའི་ཚོགས་མགོན་དུ་ཆིབས་བསྒྱུར་སྐབས་ཆོས་བརྒྱུད་ཁག་གི་བླ་ཆེན་དབུ་ཁྲིད་རྣམ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བཀའ་བློན་སོགས་ནས་ཕེབས་བསུ་དང་བཅས་ཚོགས་ཁང་གི་སྡིངས་ཆར་༸ཞབས་སོར་འཁོད་མཚམས། ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ལགས་ནས་མནྜལ་རྟེན་གསུམ་འདེགས་འབུལ་དང་། རྟེན་འབྱུང་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས། དེ་ནས་ཆོས་རིག་བཀའ་བློན་ལགས་ནས་ཆོས་ཚོགས་ཀྱི་གནས་ཚུལ་སྙིང་བསྡུས་དང་ཆོས་ཚོགས་ཐོག་དམིགས་བསལ་གྲོས་ཆོད་དང་སྤྱིར་བཏང་གྲོས་ཆོད་ཅི་བྱུང་སྙན་སེང་ཞུས་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།
རྒྱལ་བའི་ལུང་གིས་ཟིན་པའི་བོད་གངས་ཅན་ལྗོངས་ཀྱི་རིས་སུ་མ་ཆད་པའི་རྒྱལ་བའི་བསྟན་པའི་དབུ་ཁྲིད་རྣམ་པ་ཚོ་དང་། བོད་རང་གི་ཕ་མེས་ཀྱི་ཆོས་བརྒྱུད་གཡུང་དྲུང་བོན་དང་བཅས་པའི་དབུ་ཁྲིད་དེ་རིང་འདིར་ཕེབས་ནས་བོད་ཀྱི་ཆོས་ལུགས་ཀྱི་ཚོགས་ཆེན་ཐེངས་བཅུ་བཞི་པ་ཚོགས་བཞིན་པ་རེད། བླ་ཆེན་རྣམ་པ་ཚོ་སྐུ་དངོས་དང་སྐུ་ཚབ་ཚོས་དང་དོད་བྱས་ཏེ་ཕེབས་པ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འཚེ་བ་མེད་པ་དང་། བྱམས་བརྩེ་གསུང་མཁན་རྒྱ་གར་ལ་གནའ་རབས་ལོ་སྟོང་ཕྲག་གསུམ་གྱི་གོང་ནས་ཡོད་པ་རེད། ངོས་ཀྱིས་ནམ་རྒྱུན་འཚེ་བ་མེད་པ་(Ahimsa)དང་། བྱམས་བརྩེ་(Karuna)གྱི་ལྟ་གྲུབ་འདི་ཐོག་མར་རྒྱ་གར་ལ་བྱུང་བ་དང་། དེ་ནས་འཇུན་(Jainism)གྱི་སྟོན་པ་རྒྱལ་བ་བ་ཡིན་པ་ཡོད། ཁོང་གིས་འཚེ་བ་མེད་པའི་ལྟ་གྲུབ་རྒྱུན་འཛིན་དང་ཡར་རྒྱས་བཏང་ནས་དེང་སང་ཡང་འཇུན་གྱི་ཆོས་པ་དེ་ཚོ་ཧ་ལས་པ་རེད། ཟས་དཀར་སྐྱོང་གཙང་མ་དང་གོམ་པ་སྤོ་བའི་སྐབས་སུ་ལམ་ཁར་འབུ་སྲིད་ཡོད་པ་མཐོང་ཚེ་ཕྱགས་མས་འཕྱག་ནས་ཧ་ལས་པ་རེད།
དེའི་རྗེས་སུ་སངས་རྒྱས་བཅོམ་ལྡན་འདས་ཕེབས་པ་རེད། སྟོན་པ་བཅོམ་ལྡན་འདས་ཀྱིས་ཡུལ་ཝ་ར་ན་སིར་འཁོར་ལོ་དང་པོ་བདེན་བཞི་མུ་སྟེགས་སོགས་བཅུ་དྲུག་གི་ལྟ་གྲུབ་གསུངས་ནས་ལམ་སྒོམ་སྐབས་བྱང་ཕྱོགས་སོ་བདུན་གྱི་ལམ་གསུངས་པ་དེ་དག་ནི་པ་ལིའི་ཆོས་བརྒྱུད་དང་ལེགས་སྦྱར་ཆོས་བརྒྱུད་གཉིས་གར་གཅིག་མཚུངས་ཆགས་ཡོད། ཉེ་ཆར་རྒྱ་གར་ལྷོ་ཕྱོགས་སུ་ཐའེ་ལེན་གྱི་དགེ་སློང་རྣམ་པ་དང་གཙོ་བོ་ཤྲི་ལིངྒའི་དགེ་སློང་དབུ་ཁྲིད་གཞོན་པ་ཞིག་བཅས་ང་ཚོ་འཚོགས་ནས་ཧ་ཅང་ཡག་པོ་བྱུང་སོང་། དངོས་གནས་འདུལ་བའི་ཉམས་ལེན་གནས་བརྟན་པའི་སྡེ་བའི་ལུགས་ཀྱི་འགྲོ་སྟངས་དེ་ཧ་ཅང་ཡག་པོ་འདུག དེ་འཁོར་ལོ་དང་པོ་དེ་རེད། ཅེས་སོགས་འཚེ་བ་མེད་པ་དང་བྱམས་བརྩེའི་ལྟ་གྲུབ་ཀྱི་ལོ་རྒྱུས་དང་འབྲེལ་ནས་སྟོན་པ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་བའི་སྐོར་དང་། དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དེ་བཞིན་མཁན་ཆེན་ཞི་བ་འཚོའི་སློབ་སྟོན་འོག་བོད་དུ་ཇིི་ལྟར་དར་བའི་སྐོར་དང་། ནང་པའི་གཞུང་ལས་བྱུང་བའི་སེམས་ཁམས་རིག་པ་དང་ཚད་རྡུལ་དངོས་ཁམས་རིག་པ་སོགས་ཀྱིས་འཛམ་གླིང་ལ་ཕན་ནུས་ལྡན་པའི་ཞབས་ཞུ་སྒྲུབ་ཐུབ་པ་མ་ཟད། དེ་ཉིད་དེང་གི་འཛམ་གླིང་ལ་དགོས་མཁོ་ཡོད་པའི་སྐོར།
རྒྱན་དྲུག་མཆོག་གཉིས་ཀྱི་སྟེང་དུ་སྣོན་པ་བརྒྱབ་ནས་པཎ་གྲུབ་བཅུ་བདུན་མགོན་པོ་གང་ཉིད་མཆོག་གིས་བཟོས་ཡོད་པ་དང་། ཁོང་རྣམ་པ་ནི་ངེས་པ་དོན་གྱི་པཎ་གྲུབ་ཆགས་ཡོད་པས་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཁག་གིས་བཀའ་བསྟན་ལས་བྱུང་བའི་སེམས་ཁམས་རིག་པ་གཙོ་བོར་གྱུར་བའི་ཚད་པ་རིག་པ་སོགས་ལ་སློབ་སྦྱོང་སྤྲོད་རྒྱུར་ཤུགས་སྣོན་གནང་གལ་ཆེ་བའི་སྐོར། བོད་ནང་དུ་རང་ལུས་མེར་བསྲེགས་གཏོང་མཁན་ཚོས་སོ་སོའི་རང་སྲོག་བློས་གཏོང་གི་ཡོད་པས་མཉམ་དུ་མི་ཁ་ཤས་ཁྲིད་རྒྱུར་དཀའ་ལས་མེད་ཀྱང་། གཞན་ལ་འཚེ་བ་མ་བྱས་པར་སོ་སོ་མེར་བསྲེགས་གཏོང་གི་ཡོད་པས་ང་ཚོས་སྨོན་ལམ་ངེས་པར་དུ་བརྒྱག་དགོས་པ་དང་། ཚེ་རབས་ནས་ཚེ་རབས་སུ་འཕགས་པ་སྤྱན་རས་གཟིགས་ཀྱིས་རྗེས་སུ་འཛིན་རྒྱུ་ནི་ཐག་བཅད་ནས་བཤད་ཐུབ་ཀྱི་རེད་སོགས་བཀའ་སློབ་སྩལ་བ་དང་།
གཞན་ཡང་། ཚོགས་ཆེན་འདིའི་ཐོག་མགོན་པོ་གང་ཉིད་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་དོན་ཚན་གསུམ་ཅན་ཞིག་གཏན་འབེབས་གནང་ཡོད་པས་དེ་དང་འབྲེལ་བཀའ་སློབ་སྩལ་དོན། ཡང་སྲིད་སྐོར་ལ་ཁྱེད་རང་ཚོས་འཁུར་ཧ་ཅང་བླངས་འདུག ལོ་ཤས་སྔོན་ལ་ཨ་མི་རི་ཁར་གསར་འགོད་པ་ཁ་ཤས་ལ་ཐུག་ནས་ཡང་སྲིད་སྐོར་ལ་སྐད་ཆ་བྱུང་། ངོས་ཀྱིས་མིག་ཤེལ་མར་བླངས་ནས། ངོས་ཀྱི་གདོང་ལ་ལྟོས་དང་ཡང་སྲིད་ལ་བྲེལ་བ་འདུག་གམ་མི་འདུག་ཅེས་བཤད་པ་ཡིན། མི་འདུག་ཟེར། ལོ་བརྒྱད་ཅུ་གྱ་ལྔར་སླེབས་ཀྱི་ཡོད་ཀྱང་། གཟུགས་པོ་བདེ་ཐག་ཆོད་ཡོད། བསམ་པ་ནི་སྐྱིད་ཐག་ཆོད་ཡོད། མཁྱེན་སོང་ངམ། གང་ལྟར་གཙོ་བོ་བྱང་ཆུབ་ཀྱི་སེམས་ཀྱི་ཐུགས་རྗེ་རེད། བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི།། སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི།། བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས།། ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས།། ཞེས་བཤད་སྐབས་དངོས་གནས་སྣང་སྲིད་གཉེན་ལ་ཤར་བསྡད་པ་ཞིག་ཡོང་གི་འདུག འཇིག་རྟེན་བདེ་བ་ཇི་སྙེད་པ།། དེ་ཀུན་གཞན་བདེ་འདོད་ལས་བྱུང་།། འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ།། དེ་ཀུན་རང་བདེ་འདོད་ལས་བྱུང་།། ཞེས་དང་། ས་སོགས་འབྱུང་བ་ཆེན་པོ་དང་།། ནམ་མཁའ་བཞིན་དུ་རྟག་པར་ཡང་།། སེམས་ཅན་དཔག་ཏུ་མེད་པ་ཡི།། རྣམ་མང་ཉེར་འཚོའི་གཞིར་ཡང་ཤོག། ཅེས་དེ་ལྟ་བུའི་སྨོན་ལམ་རྒྱག་པ་ཚེ་གཅིག་གི་སྐད་ཆ་མ་རེད། ཚེ་རབས་ཁ་ཤས་ཀྱི་སྐད་ཆ་མ་རེད། ཇི་སྲིད་ནམ་མཁའ་གནས་པ་དང་།། འགྲོ་བ་ཇི་སྲིད་གནས་གྱུར་པ།། དེ་སྲིད་བདག་ནི་གནས་གྱུར་ནས།།འགྲོ་བའི་སྡུག་བསྔལ་སེལ་བར་ཤོག། ཅེས་སྙིང་སྟོབས་འདི་ལྟ་བུ་ཞིག་བསྐྱེད་ཡོང་གི་ཡོད་པ་རེད། དེར་བརྟེན། ངོས་ཀྱིས་རྒྱུན་དུ་བཤད་བཞིན་ཡོད། བྱང་ཆུབ་ཀྱི་སེམས་ཀྱི་གཞན་གཅེས་འཛིན་གྱི་བློ་ཤུགས་ཆེན་པོ་ཡོད་ན་སྣང་སྲིད་གཉེན་ལ་ཤར་བ་ཞིག་འདུག རང་གཅེས་འཛིན་ང་ང་ང་ཞེས་བསྡད་པ་ཡིན་ན་སྣང་སྲིད་ལ་དོགས་པ་ཟ་དགོས་པ་ཞིག་སྟེ། གཡས་ལའང་དོགས་པ་ཟོས། གཡོན་ལའང་དོགས་པ་ཟ་བ་འདུག གཙོ་བོ་སེམས་མ་སྐྱིད་པ་བཟོ་མཁན་ནི་རང་གཅེས་འཛིན་དང་བདེན་འཛིན་གཉིས་རེད། དེའི་གཉེན་པོ་ལ་བདག་མེད་རྟོགས་པའི་ཤེས་རབ་དང་རྟེན་འབྱུང་གི་ལྟ་བ། བྱང་ཆུབ་ཀྱི་སེམས་གཉིས་པོ་ནི་རང་གཅེས་འཛིན་དང་འཛིན་པ་ཨ་འཐས་གཉིས་ཀྱི་ཤུགས་མར་བཅག་ཆེད་རེད། དེ་ཧ་ལས་པ་ཞིག་རེད། རང་གཞན་དོན་ནི་རབ་སྒྲུབ་ཕྱིར།། བྱང་ཆུབ་སེམས་ནི་བསྐྱེད་པར་བྱ།། ཞེས་རང་དོན་སྒྲུབ་ནའང་བྱང་ཆུབ་ཀྱི་སེམས་སྒོམ་དགོས་པ་དང་། གཞན་དོན་སྒྲུབ་ནའང་བྱང་ཆུབ་ཀྱི་སེམས་སྒོམ་དགོས་པ་རེད། རང་གཞན་གྱི་དོན་ཚང་མར་བྱང་ཆུབ་ཀྱི་སེམས་སྒོམ་ན་ཡོང་རྒྱུ་འདུག དེ་གལ་ཆེན་པོ་རེད། ཅེས་སོགས་བཀའ་སློབ་སྩལ་བ་དང་། དེ་ནས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་མཆོག་ནས་ཐུགས་རྗེ་ཆེ་ཞུ་བའི་གསུང་བཤད་དང་། བླ་ཆེན་ལྷན་རྒྱས་མཉམ་པར་སྒྲོན་རྗེས་བཞུགས་སྒར་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་བཅས།