༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཤེས་རིག་ཁྱབ་ཁོངས་སཾ་བྷོ་ཊ་བོད་སློབ་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༢༠ འཁོར་བའི་མཛད་སྒོར་བཅར་མཁན་དགེ་ལས་ཟུར་པ་དང་། ཞབས་ལོ་ ༢༠ འཁོར་བའི་དགེ་ལས་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་ཡོད་པ་རེད།
དེ་ཡང་ཐོག་མར་དད་ལྡན་སེར་སྐྱ་མི་གྲངས་ ༦༠ ཙམ་ལ་མཇལ་ཁ་སྩལ་རྗེས་ཕོ་བྲང་མཇལ་འཕྲད་ཁང་དུ་ཆིབས་བསྒྱུར་གྱིས་ཤེས་རིག་ཁྱབ་ཁོངས་སཾ་བྷོ་ཊ་བོད་སློབ་ཚོགས་པའི་དགེ་ལས་ཟུར་པ་དང་ཞབས་ལོ་༢༠ འཁོར་བའི་མི་གྲངས་ ༡༣༣ དང་ཕྱི་རྒྱལ་བ་ ༡༢ བཅས་ལ་མཇལ་ཁ་དང་བཀའ་སློབ་སྩལ་དོན།
ཁྱེད་རང་ཚོ་བོད་པའི་ཤེས་ཡོན་ལ་ཞབས་འདེགས་ཞུ་མཁན་རེད། མིའི་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུ་དང་གཙོ་ཆེར་མིའི་བསམ་བློ་ཡར་རྒྱས་འགྲོ་བར་ཤེས་ཡོན་ཧ་ཅང་དགོས་གལ་ཆེ། ཁྱེད་ཚོ་ཚང་མས་ཤེས་ཡོན་སྡེ་ཚན་ནང་ཞབས་ཕྱི་ཞུས་ཡོད། བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ང་ཚོ་བོད་པ་ཆབ་སྲིད་ཐོག་ནས་དེ་སྔའང་དཀའ་ངལ་འཕྲད་མྱོང་ཡོད། བོད་སིལ་བུར་ཐོར་སྐབས་ནས་བཟུང་དཀའ་ངལ་མང་པོ་འཕྲད་མྱོང་ཡོད། འོན་ཀྱང་། བོད་རིགས་ཟེར་བ་དེ་རྩ་བརླག་རྩ་བ་གཏང་མ་ཐུབ་པར་གནས་ཡོད། གཙོ་ཆེར་རྒྱ་མིས་བོད་ནང་དུ་བོད་ཀྱི་སྐད་ཡིག་ཐོག་དམ་བསྒྲགས་བྱེད་དགོས་འདུག་ཟེར་ནས་ཧ་ཅང་དམ་དྲག་བྱེད་བཞིན་ཡོད། འོན་ཀྱང་། བོད་མི་ས་ཡ་དྲུག་གི་སེམས་ཤུགས་ནམ་ཡང་མ་བརླག་པར་གནས་ཡོད།
དེ་ནི་གཙོ་བོ་བོད་མི་རིགས་ཀྱི་ཤེས་ཡོན་ཐོག་ནས་མི་རིགས་ཀྱི་ལར་རྒྱ་ཉམས་མེད་ངང་གནས་ཡོད། རྒྱ་མིས་འདས་པའི་ལོ་བདུན་ཅུ་ཙམ་རིང་དྲག་གནོན་སོགས་ཐབས་ཤེས་འཇམ་རྩུབ་སྣ་ཚོགས་བྱས་ནས་བོད་མིའི་གཉའ་གཅོག་ཐབས་བྱས་ཀྱང་ལམ་ལྷོངས་བྱུང་མེད། དེ་ནི་གཙོ་བོ་ང་ཚོར་བོད་པའི་ཤེས་ཡོན་ལོགས་སུ་ཡོད་པ་དེས་རེད་འདུག ད་བར་རྒྱ་གར་ནང་རྟེན་གཞི་ཧ་ཅང་ཡག་པོ་ཚུགས་འདུག ད་དུང་མུ་མཐུད་ནས་ང་ཚོ་ཚང་མས་ཤུགས་རྒྱག་དགོས།
ངོས་རང་ལ་མཚོན་ནའང་ལོ་ ༨༤ སླེབས་ཡོད། གཟུགས་པོ་ཧ་ཅང་བདེ་པོ་ཡོད། བོད་མི་རིགས་འདི་ངོས་ཀྱིས་དུས་རྟག་ཏུ་སེམས་ནང་བཅངས་ཡོད། སྔ་མོ་ལུང་བསྟན་འགའ་ཤས་བྱུང་ཡོད་རེད། ལུང་བསྟན་ནང་ངོས་རང་ལོ་ངོ་ ༡༡༣ བར་འཚོ་ཐུབ་པ་གསལ་ཡོད། ད་ལྟ་ངོས་རང་གཟུགས་པོ་བདེ་ཐག་ཆོད་འདུག ངོས་ཀྱིས་ལོ་བརྒྱ་དང་བཅུ་གྲངས་བར་འཚོ་རྒྱུའི་སེམས་ཤུགས་སྐྱེ་བཞིན་ཡོད། ངོས་ཀྱིས་མགོ་ཁྲིད་ནས་ཁྱེད་ཚོས་ཀྱང་ཆོས་དང་འཇིག་རྟེན་གང་གི་ཆ་ནས་ཧྲ་ཏག་ཏག་བྱེད་ཐུབ་པ་ཞིག་དགོས་རེད། ཁྱེད་ཚོ་ཙམ་མིན་པར་ཁྱེད་ཚོའི་ལམ་སྟོན་འོག་འཚར་ལོངས་བྱེད་མཁན་སློབ་ཕྲུག་ཚོ་ཡང་༸རྒྱལ་བ་རིན་པོ་ཆེའི་མགོ་ཁྲིད་འོག་ཚགས་ཚུད་པོ་བྱེད་ཐུབ་མཁན་ཞིག་བཟོ་ཐུབ་པ་བྱ་རྒྱུ་དེ་ཁྱེད་ཚོས་སེམས་ནང་ཞོག ཧུར་ཐག་གྱིས། བཀྲ་ཤིས་བདེ་ལེགས། ཞེས་སོགས་བཀའ་སློབ་སྩལ་ཡོད་པ་བཅས།